ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དྲག་ཆས་ཉེན་རྟོག་པས་ཤིན་བོད་གཞུང་ལམ་ཐོག་གི་གངས་འཁྱག་མྱུར་འཕྱག་བྱས།

སྤེལ་དུས 2021-01-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ1པོའི་ཚེས5ཉིན་གྱི་ཆུ་ཚོད18ཐོག་དྲག་ཆས་ཉེན་རྟོག་འཕྲུལ་ཆས་སྤྱི་ཁྱབ་རུ་ཁག་གཉིས་པའི་ཉིང་ལག་རུ་ཁག་ཞིག་གི་ཞིག་གསོ་རུ་ཆེན་གསུམ་པའི་དཔོན་དམག་ཚོས་ཉིན2རིང་ལ་བསྟུད་མར་འབད་འཐབ་བྱས་པ་བརྒྱུད། ཁ་བ་བསྟུད་མར་བབས་ཏེ་ཁེགས་པའི་ཤིན་བོད་གཞུང་ལམ་དང་སྤུ་ཧྲེང་རྫོང་ཉིང་ལག་གཞུང་ལམ་ཐོག་གི་ཁ་བ་གཙང་མར་འཕྱག་ནས་རླངས་འཁོར་རྒྱུན་གཏན་ལྟར་ཤར་གཏོང་ཐུབ་པ་བྱུང་། 

        ཉིང་ལག་རུ་ཁག་དེའི་དཔོན་དམག་ཚོས་ལམ་ངོས་ཀྱི་གངས་འཁྱག་འཕྱག་བཞིན་པ།
        ཟླ1པོའི་ཚེས4ཉིན་ནས་བཟུང་། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ས་དགའ་རྫོང་དང་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་ས་ཆ་མང་པོར་ཁ་བ་བབས་པ་དང་། རིམ་རྩིས་བྱས་ན་སྤྱི་ལེ392ཀྱི་གཞུང་ལམ་གྱི་ཆ་སྙོམས་མཐུག་ཚད་ལི་སྨི10ཡོད་པའི་གངས་ཀྱིས་གཡོགས་ནས་རླངས་འཁོར་དང་མང་ཚོགས་ཀྱི་འགྲོ་འོང་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད།

        ཡུལ་དངོས་སུ་ལུགས་མཐུན་གྱིས་གངས་འཕྱག་པར་བཀོད་འདོམས་བྱེད་བཞིན་པ།
        ལམ་དུམ་དེ་ལ་ཞིག་གསོ་དང་བདག་སྐྱོང་བྱས་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་ལས་འགན་འཁུར་བཞིན་པའི་དྲག་ཆས་ཉེན་རྟོག་འཕྲུལ་ཆས་སྤྱི་ཁྱབ་རུ་ཁག་གཉིས་པའི་ཉིང་ལག་རུ་ཁག་ག་གེ་མོའི་ཞིག་གསོ་རུ་ཆེན་གསུམ་པས་འཕྲལ་དུ་གནད་དོན་སེལ་བའི་ལམ་སྲོལ་ལྟར་ལྡུག་འཁོར་དང་། གངས་གཞོག་འཕྲུལ་འཁོར། གངས་འཕྱག་རླངས་འཁོར་སོགས་འཕྲུལ་ཆས་ཆེ་གྲས་རྣམས་གང་མགྱོགས་ཀྱིས་ཡུལ་དངོས་སུ་འབྱོར་་ཏེ་དཔོན་དམག་ཚོས་ལམ་ཁག་བཞི་རུ་བགོས་ནས་གངས་འཕྱག་པའི་ལས་ཀ་གང་མགྱོགས་ཀྱིས་འགྲུབ་པར་འགན་ལེན་བྱས་པ་རེད།
        ཡུལ་དངོས་ཀྱི་ཆ་སྙོམས་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི4500ཡན་དང་དྲོད་ཚད་ནི་གོར་ཐིག་མན་གྱི་ཏུའུ20ལྷག་ཡིན་པས། གྲང་རླུང་འུར་འུར་དུ་ལྡང་ཞིང་ཁ་བ་མུ་མཐུད་དུ་བབས་པས་གསོ་རླུང་གི་འདུས་ཚད་ནི་བདེ་ཐང་གི40%ལས་མེད། རླངས་འཁོར་ཤར་གཏོང་ཐུབ་པར་འགལ་རྐྱེན་ཅི་ཡང་མེད་པར་བཟོ་ཆེད་དཔོན་དམག་ཚོས་གནམ་གཤིས་དང་ཁོར་ཡུག་ངན་པའི་དཀའ་ངལ་ཁྱད་དུ་བསད་དེ་ནུས་ཤུགས་ཡོད་རྒུ་རྩལ་དུ་བཏོན་ནས་གངས་འཁྱག་འཕྱག་པའི་དམག་འཐབ་ནང་ཞུགས།

        དཔོན་དམག་ཚོས་གང་མགྱོགས་ཀྱིས་ལམ་ངོས་ཀྱི་གངས་འཁྱག་འཕྱག་བཞིན་པ།
        བོད་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་ས་ཁུལ་དུ་ཁ་བ་བསྟུད་མར་བབས་ནའང་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་གཞུང་ལམ་འགྲིམ་འགྲུལ་རྒྱུན་ཆད་དུ་མ་བཅུག་ཅིང་། བསྟུད་མར་ཉིན2རིང་ལ་འབད་འཐབ་བྱས་པ་བརྒྱུད་གངས་འཁྱག་ཡོད་པའི་ལམ་དུམ་གྱི་གངས་འཁྱག་ཚང་མ་འཕྱགས་ཏེ་ཁ་ལོ་བས་རླངས་འཁོར་བདེ་འཇགས་ངང་ཤར་གཏོང་ཐུབ་པར་འགན་ལེན་བྱས་པ་རེད། 
རྩོམ་སྒྲིག་པ། སྣང་རྡོར།