ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་སྲིད་གཞུང་ལས་དོན་སྙན་ཞུའི་ནང་མཐའ་སྟོབས་ཇི་ལྟར་བྱ་རྒྱུའི་སྐོར་ལ་འདི་ལྟར་བརྗོད་ཡོད།

སྤེལ་དུས 2021-01-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། མཐའ་སྟོབས་ནི་དུས་རབས་གསར་པའི་བོད་ལྗོངས་ལས་དོན་གྱི“དོན་ཆེན་བཞིའི”གྲས་ཀྱི་གཅིག་ཡིན།
         ཟླ་དང་པོའི་ཚེས20ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་འགོ་བརྩམས་ཤིང་། ཚོགས་འདུའི་ཐོག  བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་སྲིད་གཞུང་ལས་དོན་གྱི་སྙན་ཞུ་སྤེལ་བ་རེད།
         སྙན་ཞུའི་ནང་བསྟན་དོན། བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་བླངས་ཡོད་ཅིང་། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། བོད་ལྗོངས་ཀྱིས་ཚད་གཞི་མཐོན་པོའི་ངང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ604འཛུགས་སྐྲུན་བྱས་པ་དང་། མཐའ་མཚམས་ཀྱི་གཞུང་ལམ130དང་སྤྱི་ལེ3080གསར་སྐྲུན་ལེགས་བཅོས་བྱས་ཤིང་། གྲོང་ཚོའི་འོད་འགྱེད་ཚི་སྐུད་ཤར་གཏོང་ཐུབ་ཚད་དང་། 4Gབརྡ་རྟགས་ཀྱི་ཁེབས་ཚད99%རུ་ཟིན་པ་གསར་འཛུགས་བྱས། མཐའ་མཚམས་རྫོང་གི་ཁྱིམ་ཐོའི་མི་གྲངས་བརྟན་པོའི་ངང་འཕར་སྣོན་བྱུང་བ་དང་། མཐའ་མཚམས་ས་ཁུལ་གྱི་ཐོན་ལས་རྣམ་གྲངས206ཚང་མས་ཐོན་སྐྱེད་བྱེད་འགོ་ཚུགས་པ།  མཐའ་མཚམས་གཡུལ་ས་དང་པོ་དང་གཉིས་པའི་མཐའ་སྡོད་མི་དམངས་ཀྱི་ཁ་གསབ་རོགས་དངུལ་དེ་ལོ་རེའི་མིའི་ཆ་སྙོམས་ཀྱི་སྒོར1700དང་སྒོར1500ནས་སྒོར6000དང་། སྒོར5400རུ་ཇེ་མཐོར་བཏང་སྟེ། དེ་སོ་སོ་ལྡབ2.5དང་2.6རུ་འཕར་སྣོན་བྱུང་བ་རེད། ཡུལ་སྨད་ཀྱིས་མཚོན་པའི་འབྱོར་འབྲིང་གྲོང་ཚོ་ཁག་གཅིག་མེས་རྒྱལ་གྱི་མཐའ་མཚམས་སུ་མུ་ཏིག་བཞིན་བཀྲགས་མདངས་འཚེར་གྱིན་ཡོད།

2018ལོའི་མདོ་ཡུལ་ཤང(ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མཐའ་མཚམས་ཤང་གྲས་ཀྱི་གཅིག་རེད)སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་དཔེ་སྟོན་གྱི་གསར་སྐྲུན་བྱས་པའི་ཁང་པ།
         “ལོ་ལྔ་ཚན་བཅུ་གསུམ་པའི”མཇུག་བསྡུ་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”འགོ་འཛུགས་པའི་གལ་ཆེའི་དུས་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་བསྟན་དོན། “མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱ་བར་ཤུགས་སྣོན་རྒྱག་དགོས་ན། དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་བཀོལ་ནས་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། ཁོ་ཚོའི་འབྱུང་འགྱུར་གྱི་སེམས་ཁྲལ་ཐག་གཅོད་བྱེད་རོགས་བྱེད་དགོས”ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་བོད་ལྗོངས་ཀྱི་མཐའ་མཚམས་ལས་དོན་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་ནས་རེ་བ་ཞིབ་ཕྲ་བཏོན་ཞིང་།  བོད་ལྗོངས་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་གོ་སྐབས་གསར་པའང་འཁྱེར་ཡོང་བ་རེད།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་འགོ་ཚུགས་ཚོགས་འདུའི་ཡུལ་དངོས།
         གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་ལས་དོན་སྙན་ཞུའི་ཁྲོད་རྒྱུས་ལོན་བྱུང་གསལ། བོད་ལྗོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་ཡོང་བ་དང་། རོགས་སྐྱོར་སྲིད་ཇུས་ལག་བསྟར་ཡོང་བ་བྱས་ནས་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་སྟེ། མཐའ་མཚམས་ས་ཁུལ་འབྱོར་ཕྱུག་ལྡན་པའི་ངང་བརྟན་ལྷིང་དང་། འཆམ་མཐུན་བདེ་འཇགས་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།
         མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་སྟོབས་ཆེར་གཏོང་བ།
         མཐའ་མཚམས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱིས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། མཐའ་མཚམས་ས་ཁུལ་གྱི་གྲོང་ཚོ་དང་གྲོང་བརྡལ་འཛུགས་སྐྲུན་གྱི་འཆར་འགོད་གཏན་བཟོ་དང་ལག་བསྟར་ཡོང་བ་བྱ་རྒྱུ་དང་། མཐའ་མཚམས་ས་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་མ་ལག་སྔར་བས་འཐུས་ཚང་དུ་བཏང་ནས་གློག་དྲ་གཙོ་བོ་དང་སྤོ་འགུལ་བརྡ་འཕྲིན། དྲ་རྒྱའི་ཁེབས་ཚད་སྐུལ་འདེད་མགྱོགས་སུ་གཏོང་བ། མཐའ་མཚམས་རྫོང་མཁར་གྱི་དྲོད་རླངས་མཁོ་འདོན་གྱི་བཟོ་སྐྲུན་ལག་བསྟར་མགྱོགས་སུ་གཏོང་བ་དང་། སྤྱི་པའི་ཞབས་ཞུ་དང་དོ་དམ་ལས་ཁུངས་ཀྱི་རྣམ་པ་ཇེ་བཟང་དུ་གཏོང་བ། མཐའ་མཚམས་ས་ཁུལ་དང་ལྟེ་བའི་ས་ཁུལ་གྱི་བར་ཁྱད་སྔར་བས་ཇེ་ཆུང་དུ་གཏོང་རྒྱུ།
          མི་གྲངས་དང་དཔལ་འབྱོར་གྱི་འདེགས་སྐྱོར་སྟོབས་ཆེར་གཏོང་བ། 
          མཐའ་མཚམས་ཀྱི་གྲོང་གསེབ་སློབ་གྲྭའི་སྤྱི་སྤྱོད་གྲོན་དངུལ་དང་། རིན་མེད་སློབ་གསོ། དགེ་རྒན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ཇེ་མཐོར་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། མཐའ་ཁུལ་སྡོད་དམངས་ཀྱི་ཉོ་ཚོང་ཁྲོམ་ར་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱ་བར་ཤུགས་སྣོན་བརྒྱབ་སྟེ། ཚོང་ཟོག་ཉོ་ཚོང་གི་ལམ་བུ་བདེ་བགྲོད་བཏང་ནས་མཐའ་མཚམས་ཀྱི་དཔལ་འབྱོར་འབྲེལ་མཐུད་ཀྱི་ས་རྒྱུད་ནར་རིང་འཛུགས་སྐྲུན་བྱེད་པ་དང་། མཐའ་མཚམས་འགྲམ་རྒྱུད་ཀྱི་སྒོ་འབྱེད་བྱེད་ཤུགས་མགྱོགས་སུ་བཏང་ནས་མཐའ་མཚམས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་གཏོང་བའི་འཐབ་འཛིང་ཛ་དྲག་ཆེ་བའི་ས་ཁུལ་དང་། མཐའ་མཚམས་ཉོ་ཚོང་ས་ཁུལ། ཕྱིར་བགྲོད་རི་མདོའི་བགྲོད་ལམ་བཅས་ཀྱི་ཁ་ཕྱོགས་གཙོ་གནད་གསུམ་འབུར་དུ་ཐོན་པ་བྱས་ཏེ། མཐའ་མཚམས་སུ་མི་གྲངས་གནས་སྤོ་བྱ་བར་སྐུལ་འདེད་ཏན་ཏིག་ཡོང་བ་བྱ་རྒྱུ་དང་། མཐའ་དམངས་ཀྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་སྔར་བས་ཇེ་མཐོར་བཏང་ནས་མཐའ་མཚམས་གཡུལ་ས་དང་པོའི་མི་དམངས་ཀྱི་ལོ་རེའི་མིའི་ཆ་སྙོམས་ཀྱི་ཡོང་འབབ་ཆེས་མཐོ་བ་སྒོར་ཁྲི1.2རུ་ཡོང་བ་བྱ་རྒྱུ།
         དམག་དམངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་འགྲོ་བར་སྟོབས་ཆེར་གཏོང་བ།
         མཐའ་མཚམས་ས་ཁུལ་གྱི་དམག་དམངས་གཞི་གཅིག་ཅན་གྱི་ཆེད་དོན་མཐུན་སྦྱོར་ལམ་ལུགས་འཛུགས་པ་དང་། མཐའ་མཚམས་ཀྱི་ཁྱད་ལྡན་གྲོང་བརྡལ་ཁག་གཅིག་དང་། དངོས་རྒྱུའི་གསོག་ཉར་དང་མཁོ་བསྟུན་བཀོད་གཏོང་གི་བཀོད་འདོམས་ལྟེ་གནས་འཛུགས་པ། བློ་གྲོས་ལ་བརྟེན་ནས་མཐའ་འགོག་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་སྟེ་ཚན་རྩལ་གྱིས་མཐའ་མཚམས་དོ་དམ་དང་ཚོད་འཛིན་གྱི་ནུས་པ་ཇེ་མཐོར་གཏོང་རྒྱུ། མཐའ་མཚམས་ས་ཁུལ་གྱི་ཕྱི་དོན་མཐའ་སྲུང་སྐོར་སྐྱོད་པའི་ལམ་ལུགས་བཙུགས་ནས་འགོག་སྲུང་བརྟན་པོ་བཙུགས་ཏེ། དམག་དམངས་མཉམ་འབྲེལ་གྱིས་མེས་རྒྱལ་གྱི་མཐའ་མཚམས་འགོག་སྲུང་བྱེད་པའི་ལེའུ་གསར་པ་འབྲི་དགོས།
          སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་བསྟན་དོན། “མཐའ་མཚམས་འགྲུལ་བཞུད”ཀྱི་ལམ་ཐིག་སྤུས་ལེགས་བཏོན་ཏེ། “མཐའ་མཚམས་འགྲུལ་བཞུད”ཀྱིས་འགྲིམ་འགྲུལ་གྱི་ལམ་ཐིག་གཙོ་བོར་གཞི་བཅོལ་ནས་མངའ་རིས་དང་། གཞིས་ཀ་རྩེ། ལྷོ་ཁ། ཉིང་ཁྲིའི་མཐའ་རྒྱུད་ཀྱི་ཡུལ་སྐོར་ཐོན་ཁུངས་ཁྱད་ལྡན་དང་སྣ་མང་ཕུན་སུམ་ཚོགས་པ་དང་འབྲེལ་ནས་གསར་འབྱེད་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་མཐའ་སྟོབས་དམངས་ཕྱུག་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད་པ་རེད།
རྩོམ་སྒྲིག་པ། སྣངརྡོར།