ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཕུག་ལུགས་རྩིས་ཀྱི་སྐོར་གྱི་བསྟན་བཅོས་བཞུགས།

སྤེལ་དུས 2021-03-03 ཡོང་ཁུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྩོམ་པ་པོ།

          ཉེ་ཆར། བོད་ལྗོངས་སྨན་རྩིས་ཁང་གིས་ཕྱི་དུས་ཀྱི་འཁོར་ལོ་གཏན་ལ་འབེབས་པའི་རིག་པའི་འཕྲུལ་གསང་ཀུན་ལ་བྱང་ཆུབ་པའི་དྲན་དབང་ཆེན་མོ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བརྩམས་ཆོས་གཙོ་བྱས་པའི་ཕུག་ཕུགས་རྩིས་ཀྱི་སྐོར་གྱི་བསྟན་བཅོས་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་དག་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།  
    
ཕུག་ལུགས་རྩིས་ཀྱི་ལེགས་བཤད་མཁས་པའི་མགུལ་རྒྱན་བཻཌཱུརྱ་དཀར་པོའི་དོ་ཤལ་དཔྱོད་ལྡན་སྙིང་ནོར།(སྟོད་ཆ།སྨད་ཆ།)
སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད།
          ཡོངས་གྲགས་བཻ་དཀར་ཞེས་པའི་རྩིས་གཞུང་འདི་ནི་སྐར་ནག་དབྱངས་གསུམ་གྱི་དོན་ཀུན་ཚང་བའི་སྔ་ན་མེད་པའི་རྩིས་ཀྱི་བསྟན་བཅོས་ཤིག་ཡིན་པ་སྟེ། ནང་དོན་གྱི་ཆ་ནས་བཤད་ན། སྐར་རྩིས་སྐོར་ལ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ལས་བསྟན་པའི་དུས་ཀྱི་འཁོར་ལོའི་ཐུན་མོང་མ་ཡིན་པའི་སྣོད་བཅུད་འཇིག་རྟེན་ཆགས་ཚུལ་གོ་ལའི་རྣམ་བཞག་དང་སྐར་རྩིས་གཙོ་བོར་བྱས་པའི་ནག་རྩིས་དང་དབྱངས་འཆར་སོགས་ཀྱི་ཉེར་མཁོའི་ལེགས་ཆ་བསྡུས་པ་རྩིས་ཀྱི་སྔོན་འགྲོའི་རིམ་པ་དང་། ཕུག་པ་རྒྱ་མཚོ་རྣམ་གསུམ་གྱི་ལུགས་ལ་སྟོན་པ་སྤྱི་ལོའི་སྔོན་གྱི་ལོ༩༦༡ལྕགས་སྤྲེལ་ལོ་ལ་སྐུ་བལྟམས་པ་དང་། ༩༢༧ལོ་ཤིང་རྟ་ལ་སངས་རྒྱས་པ། ༨༨༡ལོ་ལྕགས་འབྲུག་ལ་དུས་འཁོར་རྩ་རྒྱུད་བསྟན་ཏེ་སྐུ་མྱ་ངན་ལས་འདས་པར་འདོད་པའི་ལོ་ཡི་ཐོག་མ་དེ་ནས་བརྩམས་ཏེ། བསྟན་པའི་གནས་ཚད་དང་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཇི་ལྟར་བྱོན་པའི་བསྟན་རྩིས་ཀྱི་རྣམ་བཞག བྱེད་རྩིས་དང་ཕུག་ལུགས་གྲུབ་རྩིས་ཀྱི་ལྔ་བསྡུས་བརྩི་ཚུལ། སྒྲ་གཅན་རྩ་གདོང་མཇུག་གསུམ་དང་བྱེད་ལོ་ཀ་ར་མྱང་རྩིས་སོགས་བརྩི་ཚུལ། ཉིན་ཞག་གཟའ་ལྔ་དང་ཚེས་ཞག་གཟའ་ལྔའི་བརྩི་ཚུལ། སྐར་རྩིས་ལྟར་གྱི་ཉི་ཟླ་གཟའ་འཛིན་བརྩི་ཚུལ། བྱེད་གྲུབ་གཉིས་ཀྱི་རེའུ་མིག་གསར་རྙིང་གི་སྒྲུབ་ཚུལདང་འཛིན་ཚུལ། དབུགས་སྒང་ཁྱིམ་སླེབ་རྀ་ཥི་ཕག་ཞག་སོགས་ཀྱི་བརྩི་ཚུལ་དང་། ཉི་ལྡོག་འཁོར་ལོའི་ངོ་སྤྲོད། དུས་བསྟན་མེ་ལོང་སོགས་ལས་བྱུང་བའི་ལོ་དྲུག་ཅུའི་འབྲས་བཤད་དང་སྟོང་འཇུག་གི་སྐོར་སོགས་བསྟན་ཡོད་དོ།།

རྩིས་གཞུང་བཻཌཱུརྱ་དཀར་པོའི་བུ་དཔེ་ཞེས་བྱ་བ་བཞུགས་སོ།།(སྟོད་ཆ།སྨད་ཆ།)
སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད།
          བཻཌཱུརྱ་དཀར་པོའི་བུ་དཔེའི་ནང་དོན་གཙོ་བོ་ངོ་སྤྲོད་རགས་ཙམ་ཞུས་ན། སྤྱིར་མི་དབང་སངས་རྒྱས་རྒྱ་མཚོས་མཛད་པའི་བཻ་དཀར་དང་གཡའ་སེལ་གཉིས་ལ་སྡེ་དགེ་དང་ལྷ་ལྡན་སྨན་རྩིས་ཁང་སོགས་ཀྱི་ཤིང་པར་ཡོད་མོད། བུ་དཔེ་ནི་བྲིས་མ་མ་གཏོགས་མེད། དེ་ཡང་ལྷ་ལྡན་སྨན་རྩིས་ཁང་དུ་བྲིས་མ་སྤུས་ལེགས་ཚར་གཅིག་དང་། ཕོ་བྲང་པོ་ཏ་ལར་བྲིས་མ་སྤུས་ལེགས་ཚར་གཉིས་ཡོད་པ་མིག་གི་མཐོང་ལམ་དུ་གྱུར་པ་ལ། ལེ་ཚན་གྱི་མང་ཉུང་ཅུང་ཟད་མི་འདྲ། མི་དབང་སངས་རྒྱས་རྒྱ་མཚོའི་གསུང་མིན་པའང་ཉུང་ཤོས་ཡོད། འདིར་བཀོད་པ་ནི་འདི་ག་སྨན་རྩིས་ཁང་གི་བྲིས་མ་སྤུས་ལེགས་དེ་གཞིར་བྱས། དཔེ་ཚན་ཁག་ཅིག་ཆད་པའམ་ཆ་མ་ཚང་བ་རྣམས་ཕོ་བྲང་པོ་ཏ་ལའི་བྲིས་མ་དེ་ལས་ཁ་བསྐངས་ཏེ་བསྒྲིགས་ཡོད་ཅིང་། ནང་དོན་སྤྱིའི་ཆ་ནས་ལི་ཐོ་སྦྱོར་གྲོལ་གྱི་སྐོར་དང་། གུད་བཀོལ་དུས་སྦྱོར་གྱི་སྐོར། མགྱོགས་རྩིས་རེའུ་མིག་གི་སྐོར། ཉི་ཟླ་གཟའ་འཛིན་གྱི་མྱོང་བྱང་སྐོར། རྩིས་ཕྲན་ཐོར་བུ་དང་སྣ་ཚོགས་སྐོར་སོགས་འདུ་བའོ།།

བསྟན་བཅོས་བཻཌཱུརྱ་དཀར་པོ་ལས་དྲིས་ལན་འཁྲུལ་སྣང་གཡའ་སེལ་དོན་གྱི་བཞིན་རས་སྟོན་བྱེད་ཅེས་བྱ་བ་བཞུགས་སོ།(གླེགས་བམ་དང་པོ་དང་གཉིས་པ)
སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད།
          སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ཕུག་ལུགས་རྩིས་ཀྱི་ལེགས་བཤད་བཻཌཱུརྱ་དཀར་པོའི་དོ་ཤལ་དཔྱད་ལྡན་སྙིང་ནོར་ལས་འཕྲོས་པའི་དྲིས་ལན་འཁྲུལ་སྣང་གཡའ་སེལ་དོན་གྱི་བཞིན་རས་སྟོན་བྱེད་ཅེས་པ་འདི་ཉིད་སྡེ་དགེ་པར་མ་སྣ་རིང་གི་གྲས་ཤིག་དང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༢༠༠༢ལོའི་ཟླ༡༠པར་པར་དུ་བཏབ་པའི་དཔེ་དེབ་ཀྱི་གཟུགས་ཅན་ཞིག་ཡོད་པ་གཉིས་ལ་མ་དཔེ་བྱས་ནས་ཞིབ་བསྡུར་གང་ལེགས་བྱས་ཡོད་དོ།།

ཕུག་ལུགས་རྩིས་ཀྱི་ལེགས་བཤད་གཙོ་བོར་བྱེད་པའི་གཙུག་ལག་རྩིས་ཀྱི་རི་མོའི་ལག་ལེན་གསལ་བར་བྱེད་པ་རྩིས་རིག་རྣམ་གསལ་འོད་ཀྱི་ཐིག་ལེ་ཞེས་བྱ་བ་བཞུགས་སོ།།
འོ་རྫོང་པཎྚི་ཏ་བློ་བཟང་སྤྱིན་པས་མཛད།
          གཞུང་འདིའི་མ་དཔེར་སྣ་རིང་ལྡེབ་མ༧༠ཡོད་པ་དང་། མཛད་བྱང་ལ་རབ་ཚེས་མེ་ཡོས་ཀྱི་ལོ་ནས་ཅུང་ཟད་བྲིས་ཀྱང་། བར་དུ་རྣམ་གཡེང་འཁོར་ལོའི་མུ་ཁྱུད་དལ་མེད་དུ་གཡོ་བའི་རྐྱེན་གྱིས་རེ་ཞིག་འགྱངས་པར་སླར་དོན་གཉེར་ཅན་མང་པོས་འདི་བཞིན་བྲིས་པར་བསྐུལ་བར་མཚམས་སྦྱར་ཏེ། རྣམ་གནོན་གྱི་ལོ་ཆུ་ཤེལ་དབང་པོ་ཟླ་སྐྱེས་ཀྱི་ལྷ་མོར་འགྲོགས་པས་ཉ་ཡོངས་སུ་གང་པའི་དཀར་ཕྱོགས་ཀྱི་གྲལ་དགེ་བར། མིང་གཞན་འབྱུང་འགྱུར་ལ་སྨོན་ཕྱིར་མི་ཕམ་ངག་གི་དབང་ཕྱུག་བློ་ལྡན་དགེ་བའི་བཤེས་གཉེན་དུ་འབོད་པས། ཡུལ་གྲུ་མདོ་ཁམས་སྒ་ལི་ལུང་པའི་བྱེ་བྲག་འོ་རྫོང་གི་རིའི་ཞོལ་གྱི་ནགས་ཁྲོད་དུ་བྲིས་པ་ཡིན་ཞེས་གསུངས་འདུག
          གཞུང་འདི་ནི་འོ་རྫོང་པཎྚི་ཏ་བློ་བཟང་སྤྱིན་པ་མཆོག་གིས་དུས་རབས་བཅུ་དགུ་བར་མཛད་པ་ཡིན་ཞིང་། ནང་དོན་གཙོ་བོར། དུས་ཀྱི་འཁོར་ལོའི་དགོངས་དོན་ལས་ས་ཆུ་མེ་རླུང་སྣོད་བཅུད་གཉིས་ཀྱི་འཇིག་རྟེན་ཁམས་ལས་ས་དང་གནམ་གྱི་གོ་ལ་དོན་བསྡུས་ཀྱི་དཀྱིལ་འཁོར་ཆགས་ཚུལ་དང་། སྐར་ཁྱིམ་གོ་ལ་བཅུ་གཉིས་བྱུང་ཚུལ། རྒྱུ་སྐར་ཉེར་བདུན་དང་གཟའ་བཅུ་ཡི་གཡས་གཡོན་གྱི་རྒྱུ་བ་དང་འཁོར་འགྲོས། ཉི་མའི་ལྷོ་བྱང་གི་བགྲོད་པ་དང་སྟོན་དཔྱིད་མཉམ་གཉིས། སངས་རྒྱས་ཀྱི་འཁྲུང་ལོ་དང་མཛད་པ། བྱེད་པ་དང་གྲུབ་པའི་ལྔ་བསྡུས་ཀྱི་རྩིས་ལུགས། ཉི་ཟླར་སྒྲ་གཅན་འཇུག་ཚུལ་དང་། དུས་སྦྱོར་གྱི་སྐོར། རེའུ་མིག་འཛིན་ཚུལ་དང་། རྒྱ་རྩིས་གསར་མའི་རྩིས་ལུགས་ལས་ལོ་འགོ་འཛིན་ཚུལ་དང་སྤར་མེ་དབུགས་ཐོབ་འཆར་ཚུལ། རི་ཐུ་འགྲོལ་བ་ལ་ཉེ་བར་མཁོ་བའི་འཕགས་བོད་ཙི་ནའི་སྐད་བརྡ་དང་། དྲུག་ཅུའི་སྐོར་ཏེ་དུས་བསྟན་མེ་ལོང་དང་། དྲང་སྲོང་ཕུར་བུ་སོགས་གཟའ་ལྔས་བསྟན་པའི་རྩིས། རྒྱ་ནག་སྟག་རྣ་ཆུང་བ་དང་། གསར་འགྱུར་དྲུག་ཅུའི་ལོ་བཤད་དེ་རབ་བྱུང་དང་པོ་མེ་ཡོས་ནས་ཟད་བྱེད་མེ་སྟག་བར་གྱི་ལོ་སོ་སོའི་འགྲེལ་བཤད། བྱེད་གྲུབ་ལོ་གཟའ་དང་། ལོ་སྨེ་དབུས་ཞུགས་བལ་པོའི་ཀ་ར་མྱང་རྩིས་ཀྱི་འབྲས་བུ། རྒྱ་ནག་གླང་རྩིས་དང་། དུས་བཞིའི་ཆར་བརྟག མིང་སྐར་ལས་ཡུལ་སྡེ་ཆར་ལུགས། དུ་སོལ་འཁྱུད་པ་དང་། བྱ་ཞག་གནམ་དཔྱད། དབྱར་དགུན་སྡེབ་པ་སོགས་ཉེར་མཁོའི་རྩིས་ལུགས་དང་འབྲས་བུ་བཅས་བཀོད་ཡོད་དོ།།
རྩོམ་སྒྲིག་པ། བདེ་སྒྲོལ།