བོད་ལྗོངས་ཀྱིས“གཞུང་སྒོའི་རྣོ་གྲི2021”ཆེད་དོན་འགུལ་སྐྱོད་སྤེལ་ཞིང་། དུས་ཚིགས་དང་པོར་ལྐོག་འདྲེན་གྱོད་དོན5རྩད་ཆོད་བྱུང་།
སྤེལ་དུས 2021-04-27
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། གསར་འགོད་པས་ལྷ་སའི་མཚོ་འགག་ནས་ཤེས་རྟོགས་བྱུང་གསལ། ད་ལོའི་ཚུན་དུ། བོད་རང་སྐྱོང་ལྗོངས་ལྐོག་འདྲེན་རྡུང་རྡེག་ལས་དོན་འགོ་ཁྲིད་གཞུང་སྒྲུབ་ཁང་གིས་ལྗོངས་ཡོངས་ཀྱི་ནང་ཁུལ་དུ“གཞུང་སྒོའི་རྣོ་གྲི2021”ཆེད་དོན་འགུལ་སྐྱོད་སྤེལ་ཞིང་། 2021ལོའི་དུས་ཚིགས་དང་པོར། ལྐོག་འདྲེན་གྱོད་དོན5རྩད་ཆོད་བྱུང་ཞིང་གྱོད་འབྲེལ་རིན་ཐང་སྒོར་ཁྲི430ལྷག་ཟིན་ཡོད།
ལྷ་སའི་མཚོ་འགག་གིས་ཆེད་མི་མངགས་ཏེ་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་གྱིས་འཁྱག་ཟས་ཚོང་ར་དང་འཁྱག་ཁང་ལ་ལྟ་སྐུལ་ཞིབ་བཤེར་གནང་བཞིན་པ །
ལྐོག་འདྲེན་ལ་རྡུང་རྡེག་ལས་དོན་ལེགས་པོར་སྒྲུབ་ཆེད། གཞིས་ཀ་རྩེ་དང་ཉིང་ཁྲིའི་ལྐོག་འདྲེན་རྡུང་རྡེག་གཞུང་སྒྲུབ་ཁང་གིས་འགུལ་སྐྱོད་བྱེད་ཐབས་བཟོས་ནས་ཕྱིའི་གད་སྙིགས་ནང་འདྲེན་བསྟུད་མར་སྔོན་འགོག་ནི་འགན་འཁྲི་གཙོ་བོ་ཞིག་ཏུ་བརྩིས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་གྱི་རྟགས་མཚན་རང་བཞིན་གྱི་བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱུང་རྒྱུ་དང་། “གནམ་སྔོན2021”གི་ཆེད་དོན་འགུལ་སྐྱོད་འགག་སྒྲོལ་ལེགས་པོ་གནང་རྒྱུ་རེད།
ལྷ་ས་དང་ལྷོ་ཁ། མངའ་རིས་ལྐོག་འདྲེན་རྡུང་རྡེག་གཞུང་སྒྲུབ་ཁང་གིས་བ་སོ་དང་བསེ་རུའི་རྭ། སྟག་གཟིག་དང་དེ་དག་རྒྱུ་བྱས་ནས་བཟོས་པའི་ཐོན་རྫས། གསེར་རིགས་རྩ་ཆེན་སོགས་སྲོལ་རྒྱུན་གྱི་བྲིན་ཆ་ཅན་དག་དང་དམ་པོར་སྦྲེལ་ཏེ། འགག་སྒོ་བཙུགས་མེད་པའི་གནས་སུ་ལྐོག་འདྲེན་དང་སྐྱེལ་འདྲེན་ལམ་རྒྱུད་དུ་གསང་རྒྱ་བྱེད་པ་སོགས་ལྐོག་འདྲེན་གྱི་ཉེན་ཁ་སྔོན་འགོག་བྱས་ཤིང་། སྦྲག་སྲིད་སྐྱེལ་འདྲེན་དང་ཡུལ་སྐོར་ཞིབ་བཤེར། སྐྱེལ་འདྲེན་སོགས་ཀྱི་གཙོ་གནད་ལ་དམ་པོ་དམིགས་ཏེ་དོ་དམ་དང་རྡུང་རྡེག་ནན་མོ་གཏོང་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད།
ལྷ་སའི་མཚོ་འགག་གི་འབྲེལ་ཡོད་འགན་ཁུར་པས། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་རྒྱུན་རྣམ་ཅན་གྱི་གནས་བབ་འོག འགག་སྒོ་དང་སྤྱི་བདེ། ཚོང་ར་ལྟ་སྐུལ་དོ་དམ་ཅུས་སོགས་སྡེ་ཚན་གྱིས་འཁྱགས་ཟས་སྡེབ་ཚོང་ཚོང་ར་དང་འཁྱག་ཁང་ལ་མཉམ་འབྲེལ་ཞིབ་བཤེར་བགྱིས་ཏེ། འཁྱག་ཟས་དང་ཀ་ར་སོགས་ཞིང་ལས་ཐོན་རྫས་ལྐོག་འདྲེན་ལ་རྡུང་རྡེག་ནན་མོ་གཏོང་པ་དང་། རིམས་ནད་ས་ཁུལ་གྱི་འཁྱག་ཟས་དང་ཚད་ལྡན་མིན་པའི་ཟས་རིགས་སོགས་ལྐོག་འདྲེན་ནང་འདྲེན་སྔོན་འགོག་ནན་མོ་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་སྲུང་སྐྱོང་གནང་དགོས་ཞེས་ངོ་སྤྲོད་གནང་བྱུང་།
རྩོམ་སྒྲིག་པ། སྣང་རྡོར།