ཉེ་ཆར་ནེ་པ་ལའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དཔྱིད་དུས་རི་འཛེག་དུས་ཚིགས་སུ་རི་བོ་དྷ་ཨུ་ལ་ཀི་དང་ཇོ་མོ་གླང་མའི་རི་འཛེག་མཁན་ཁ་ཤས་ལ་ཏོག་གསར་གློ་ཚད་ཀྱི་ནད་རྟགས་ཐོན་ཡོད་ཅེས་བཤད་པ་རེད། གནས་ཚུལ་ལས་ས་གནས་དེ་གའི་དུས་ཚོད་ཟླ5པའི་ཚེས4ཉིན། རི་བོ་དྷ་ཨུ་ལ་ཀིའི་སྒར་ས་ཆེན་མོ་ནས་ཀ་ཏ་མན་རྡུ་རུ་ཕྱིར་འཐེན་བྱས་པའི་ནེ་པ་ལའི་ཤར་པའི་རི་འཛེག་མཉམ་ལས་མི་སྣ4ལ་ཚེས5ཉིན་ཏོག་གསར་ནད་དུག་ལ་ཞིབ་དཔྱད་ཚད་ལེན་བྱས་འབྲས་གདགས་གཤིས་ཡིན་པ་མངོན་པས། མི་རྣམས་ཀྱིས་ཇོ་མོ་གླང་མར་འཛེག་རྒྱུ་ཚུད་པའི་རི་འཛེག་དཔུང་ཁག་ཁག་ལ་སེམས་ཁྲལ་སྔར་བས་ཆེན་པོ་བྱེད་ཀྱིན་ཡོད་ཅེས་བཀོད་ཡོད།
ནེ་པ་ལའི་སྐད་གྲགས་ཆེ་ཤོས་ཀྱི་རི་འཛེག་མྱུལ་དཔྱད་སྒྲིག་གཞི་སྟེ་རི་བོ་རྩེ་བདུན་གྱི་རྐང་ཐང་ཀུང་སིའི་ཀྲུའུ་ཞི་མི་མ་ཤར་ཕ་ཡིས་ས་གནས་དེ་གའི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། “གཟའ་འཁོར་འདིར་ཇོ་མོ་གླང་མའི་སྒར་ས་ཆེན་མོར་ཏོག་གསར་གློ་ཚད་གཏན་འཁེལ་བྱུང་བའི་སྐོར་གྱི་སྙན་ཞུ་མེད་ཀྱང་ང་ཚོས་ཇོ་མོ་གླང་མའི་ས་ཁུལ་རྦད་དེ་བདེ་འཇགས་ཡིན་ཞེས་བརྗོད་མི་རུང”ཞེས་བཤད།
ཧི་མ་ལ་ཡའི་རོགས་སྐྱོབ་མཐུན་ཚོགས་ཀྱི་དཔོན་རིགས་ཤིག་གིས་ཇོ་མོ་གླང་མའི་སྒར་ས་ཆེན་མོར་ཉུང་མཐར་ཡང་རི་འཛེག་མཁན20ལ“གློ་ལུ་ཚབས་ཆེན་རྒྱག་པའི”གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་། འོན་ཀྱང་མིག་སྔར་རི་བོ་མཐོན་པོའི་ས་ཁུལ་དུ་རྒྱུན་མཐོང“རི་སྐྱེས་སྔོ་རིགས་ཀྱི་གློ་ལུ་རྒྱག་པའམ”ཡང་ན་ཏོག་གསར་གློ་ཚད་བྱུང་བ་གཏན་ཁེལ་བྱེད་མི་ཐུབ། གནས་ཚུལ་དེ་གཉིས་ཀྱི་འོག་ཏུ་གློ་བའི་ནང་དུ་གཤེར་གཟུགས་ཀྱིས་ཁེངས་ཡོད་པས་ནད་པའི་ནད་རྟགས་ཀྱང་འདྲ་མཚུངས་ཡིན་ཞེས་བཤད།
དཔོན་རིགས་དེས་མཚམས་སྦྱོར་གནང་བར་ལྟར་ན། “རི་སྐྱེས་སྔོ་རིགས་ཀྱི་གློ་ལུ་རྒྱག་པ”ནི་ས་བབ་མཐོ་བའི་ས་ཁུལ་དུ་རྒྱུན་མཐོང་གི་ནད་རྟགས་ཤིག་ཡིན་ལ། ས་བབ་མཐོ་བ་དང་བལྟོས་བཅས་ཀྱིས་ཅུང་དམའ་བའི་བརླན་བཤེར་ལས་བྱུང་བ་ཞིག་རེད། ཚབས་ཆེ་བའི“རི་སྐྱེས་སྔོ་རིགས་ཀྱི་གློ་ལུ་རྒྱག་པར”ཉེན་ཁ་ཧ་ཅང་ཆེ་བས་ནད་པའི་རྩིབ་རུས་ཆག་སྲིད་ཟེར།
མིག་སྔར་ནེ་པ་ལའི་འབྲེལ་ཡོད་སྡེ་ཚན་གྱིས་ཇོ་མོ་གླང་མའི་སྒར་ས་ཆེན་མོའི་རི་འཛེག་པར་ཏོག་གསར་གློ་ཚད་ཀྱི་ནད་རྟགས་ཐོན་ཡོད་མིན་གྱི་གནས་ཚུལ་སྤེལ་བར་དངོས་སུ་ལན་བརྒྱབ་མེད་པ་རེད། ཚེས5ཉིན་ནེ་པ་ལའི་ཡུལ་སྐོར་ཅུས་ཀྱི་འགན་ཁུར་བ་སྨི་ལ་ཨ་ཁྲ་ལི་ཡ་ཡིས“གཟའ་ལྷག་པའི་ཉིན(ཚེས5ཉིན) བར(ཇོ་མོ་གླང་མའི)སྒར་ས་ཆེན་མོའི་གནས་ཚུལ་ཚང་མ་རྒྱུན་གཏན་ལྟར་ཡིན”ཞེས་བཤད། ཚེས5ཉིན་གྱི་དགོང་མོར་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་ནེ་པ་ལའི་རིག་གནས་པུའུ་དང་། ཡུལ་སྐོར་པུའུ། དམངས་སྤྱོད་མཁའ་འགྲུལ་པུའུ་ཡི་སྨྱན་སྦྱོར་འབྲེལ་གཏུག་དཔོན་ལ་གློག་འཕྲིན་བཏང་ཡང་ཁོང་གིས་ནེ་པ་ལའི་སྨྱན་སྦྱོར་ཚན་པའི་གནས་ཚུལ་ལ་འགྲེལ་བཤད་རྒྱག་རྒྱུ་ཁས་མ་བླངས་པ་རེད།
ནེ་པ་ལའི་ཀེེ་ལ་ཤ་མཁའ་འགྲུལ་ཀུང་སིའི་འགན་འཁུར་བ་ཕན་ཏི་ཡིས་གཟའ་འཁོར་སྔོན་མའི་ནང་ཀུང་སི་དེས་ཐེངས་དུ་མར་ཇོ་མོ་གླང་མའི་སྒར་ས་ཆེན་མོར་འཕུར་ནས་མི་སྣ་ཕྱིར་འཐེན་བྱ་རྒྱུའི་དཔུང་རོགས་བྱས་མྱོང་ཡང་། རྗེས་སུ་སྨན་ཁང་གང་གིས་ཀྱང་འབྲེལ་གཏུག་རྗེས་འདེད་སྐོར་གྱི་བརྡ་ཐོ་འབྱོར་མ་བྱུང་ཞེས་བཤད།
སྒར་ས་ཆེན་མོའི་རི་འཛེག་སྒྲིག་གཞི་ཁག་གཅིག་གིས་རང་ཉིད་ཀྱི་ཚོགས་པ་ཚང་མ་རྒྱུན་གཏན་ལྟར་ཡིན་པ་མ་ཟད། ནེ་པ་ལའི་ཡུལ་སྐོར་ཅུས་ཀྱི་བླང་བྱ་ལྟར་རང་སོ་སོའི་ཚོགས་པ་རང་ཉིད་ཀྱི་གུར་ནང་གཅིག་སྡུད་ཐོག་བྱེད་སྒོ་སྤེལ་བ་དང་ཚོགས་པའི་དབར་ཕན་ཚུན་འབྲེལ་བ་བྱེད་ཀྱིན་མེད་ཅེས་བཤད།
ནེ་པ་ལའི་ཡུལ་སྐོར་ཅུས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2021ལོའི་དཔྱིད་དུས་རི་འཛེག་དུས་ཚིགས་སུ་རི་འཛེག་མཁན་ཁྱོན་བསྡོམས408ལ་ཇོ་མོ་གླང་མའི་རི་འཛེག་ཆོག་འཐུས་ལག་ཁྱེར་ཐོབ་ཅིང་། དེ་ནི1953ལོར་མིའི་རིགས་ཀྱིས་ཇོ་མོ་གླང་མའི་རྩེ་མོར་ཐེངས་དང་པོ་འཛེགས་ཚུན་དུ་ནེ་པ་ལར་ཇོ་རིའི་རི་འཛེག་ཆོག་འཐུས་ལག་ཁྱེར་སྤྲད་པ་མང་ཤོས་རེད། རི་འཛེག་པ་མི་རེ་ངོ་རེས་རང་ཉིད་ཀྱི་གནས་ཚུལ་ལ་གཞིགས་ནས་ཤར་པའི་ལག་རོགས་དང་དུས་མཇུག་གི་འགན་ལེན་མི་སྣ་ཁ་ཤས་གླས་ནས་གཞུང་ཕྱོགས་ཀྱིས་བཀོད་སྒྲིག་བྱས་པའི་སྨན་བཅོས་རོགས་སྐྱོབ་མི་སྣར་བརྩིས་པ་དང་། མིག་སྔར་ཇོ་རིའི་སྒར་ས་ཆེན་མོར་བཅའ་སྡོད་མི་གྲངས་ཁྱོན་བསྡོམས2000ལྷག་ཙམ་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། གལ་ཏེ་གནམ་གཤིས་འཚམ་པོ་ཡོད་ཚེ2021ལོའི་ཇོ་མོ་གླང་མའི་ཐོག་འཛེག་ཐེངས་དང་པོ་དེ་ཟླ5པའི་ཚེས9ཉིན་ནས་འགོ་འཛུགས་རྒྱུའི་འཆར་གཞི་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།