ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲིར་རྟོག་ཞིབ་གནང་བ།

སྤེལ་དུས 2021-07-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
          ཚེས21ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ལྗོངས་སུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཉིན་དེའི་སྔ་དྲོར་ཞི་ཅིན་ཕིང་གནམ་གྲུར་བཞུགས་ཏེ་ཉིང་ཁྲི་སྨན་གླིང་གནམ་ཐང་དུ་འབྱོར་སྐབས། བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཡོད་པ་རེད། དེ་རྗེས་ཁོང་རླངས་འཁོར་ལ་བཞུགས་ཏེ་ཉང་ཆུའི་ཟམ་ཆེན་དུ་ཕེབས་ནས་ཡར་ཀླུང་གཙང་པོ་དང་ཉང་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། ཉིན་དེའི་ཕྱི་དྲོར་ཞི་ཅིན་ཕིང་སྔ་རྗེས་སུ་ཉིང་ཁྲི་གྲོང་ཁྱེར་འཆར་འགོད་ཁང་དང་། བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོ་དང་། ཀོང་པོའི་སྤྱི་གླིང་བཅས་སུ་ཕེབས་ཏེ། གྲོང་ཁྱེར་གྱི་འཕེལ་རྒྱས་འཆར་འགོད་དང་། གྲོང་གསེབ་དར་རྒྱས། གྲོང་ཁྱེར་སྤྱི་གླིང་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་། ཚེས22ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཉིང་ཁྲི་མེ་འཁོར་འབབ་ཚུགས་སུ་ཕེབས་ནས་ཁྲོན་བོད་ལྕགས་ལམ་གྱི་སྤྱིའི་འཆར་འགོད་དང་།  ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་འཛུགས་སྐྲུན་ལས་གཉེར་སོགས་ཀྱི་གནས་ཚུལ་གཟིགས་ཞིབ་གནང་ལ། དེའི་རྗེས་སུ་མེ་འཁོར་ལ་བཞུགས་ནས་ལྷ་ས་གྲོང་ཁྱེར་དུ་ཕེབས་ཏེ་ལྷ་ཉིང་ལྕགས་ལམ་རྒྱུད་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་གནང་བ་རེད།
 
 
 
 
 
 
 
རྩོམ་སྒྲིག་པ། སངས་སྐྱབས།