ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རིམས་འགོག་དང་བླངས་པ་གསོད་མཁན་གྱི་མི་དེར་སྲོག་ཁྲིམས་བཅད་འདུག

སྤེལ་དུས 2021-07-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

ཁྲིམས་རའི་ཡུལ་དངོས།
          ཟླ7པའི་ཚེས15ཉིན། ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཡོངས་བསྒྲགས་འདྲི་ཞིབ་ཚོགས་འདུ་འཚོགས་ཤིང་། ཧའར་པིན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་སྦྱོར་ཕྱི་མ་བ་ཁྲེན་ཁྲེང་ལུང་གིས་བསམ་བཞིན་དུ་མི་བསད་པའི་ནག་ཉེས་ཞུ་གཏུག་ལ་འདྲི་ཞིབ་བྱས་པ་རེད། ཞོར་འབྲེལ་དམངས་དོན་གཏུག་བཤེར་ཞུ་སྦྱོར་སྔ་མ་བས་ཉེས་དོན་ཞོར་འབྲེལ་དམངས་དོན་གཏུག་བཤེར་གྱི་གྱོད་གཞི་ཞུ་གཏུག་བྱས་པར་མ་ཟད། ཁྲིམས་རར་དུས་ཐོག་ཏུ་ཐག་གཅོད་ཁྱབ་བསྒྲགས་བྱས་པ་རེད། ཞུ་སྦྱོར་ཕྱི་མ་ཁྲེན་ཁྲེང་ལུང་གིས་བསམ་བཞིན་དུ་མི་བསད་པའི་ནག་ཉེས་བསགས་པར་ཐག་བཅད་དེ་སྲོག་ཁྲིམས་བཅད་ཤིང་། ཆབ་སྲིད་ཀྱི་ཁེ་དབང་ཆ་ཚང་འཕྲོག་པ་རེད། ཞུ་སྦྱོར་ཕྱི་མ་བ་ཁྲེན་ཁྲེང་ལུང་གིས་ཞོར་འབྲེལ་དམངས་དོན་གཏུག་བཤེར་ཞུ་སྦྱོར་སྔ་མ་བའི་དཔལ་འབྱོར་གྱི་གྱོང་གུན་སྣ་ཚོགས་བསྡོམས་པས་མི་དམངས་ཤོག་སྒོར656508སྐྱིན་ཚབ་འཇལ་དགོས། 
          ཧའར་པིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོའི་ཟླ1པའི་ཚེས21ཉིན། ཧའར་པིན་གྲོང་ཁྱེར་ཧུའུ་ལན་ཆུས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་འགོས་པར་ཁ་གཏད་གཅོག་ཆེད་ལས་དོན་བཀོད་འདོམས་པུའུ་ཡིས་སྤྱི་བསྒྲགས་ཨང2པ་ཁྱབ་བསྒྲགས་བྱས་ཤིང་། ཁོངས་གཏོགས་ཁུལ་གྱི་སྡེ་ཁུལ་ལ་བཀག་སྡོམ་རྣམ་པའི་དོ་དམ་བྱ་རྒྱུའི་བླང་བྱ་བཏོན་པ་རེད། ཟླ2པའི་ཚེས3ཉིན་གྱི་ཆུ་ཚོད12ཙམ་ལ། ཧུའུ་ལན་ཆུས་ཁང་ཅིན་སྲང་ལམ་ཁང་ལེ་ཅ་ཡོན་སྡེ་ཁུལ་གྱི་སྡོད་དམངས་ཞུ་སྦྱོར་ཕྱི་མ་བ་ཁྲེན་ཁྲེང་ལུང་སྡེ་ཁུལ་ནས་སྒོར་འགྲོ་རྩིས་བྱེད་སྐབས། རིམས་འགོག་དང་བླངས་པ་ཀྲང་མའོ་པིན་གྱིས་ཁོ་བཀག་པ་རེད། ཁྲེན་ཁྲེང་ལུང་གིས་ཁོང་གི་ལག་ཏུ་འཁྱེར་བའི་འགྱིག་ཁུག་ནས་གྲི་རྣོན་པོ་ཞིག་བཏོན་ཏེ་ཀྲང་མའོ་པིན་་ལ་གཙགས། ཀྲང་མའོ་པིན་ས་ལ་འགྱེལ་རྗེས། ཁོས་མུ་མཐུད་དུ་ཀྲང་མའོ་པིན་གྱི་བྲང་ཁ་དང་ལག་པ་གཉིས་ཀྱི་ཁག་ལ་གྲི་ཐེངས་མང་པོ་གཙགས་པས། ཀྲང་མའོ་པིན་གྱི་ལུས་ནས་ཁྲག་མང་པོ་ཐོན་ཅིང་དེ་གར་སྲོག་ཤོར། གྱོད་གཞི་བྱུང་བའི་ཉིན་དེར་ཉེན་རྟོག་པས་ཁྲེན་ཁྲེང་ལུང་ཁོའི་ཁྱིམ་ནས་འཛིན་བཟུང་བྱས་པ་རེད། 
          ཁྲིམས་སའི་འདྲི་གཅོད་བྱེད་སྐབས། མཉམ་གྲོས་ཁྲིམས་སས་རྩོད་ཞིབ་ཚོད་འཛིན་བྱེད་མཁན་ཕྱོགས་གཉིས་པོ་རྩ་འཛུགས་བྱས་ནས་ཁྲིམས་སའི་བརྟག་དཔྱད་དང་ཁྲིམས་སའི་རྩོད་པ་བྱས་ཤིང་། ཞུ་སྦྱོར་ཕྱི་མ་བ་ཁྲེན་ཁྲེང་ལུང་གིས་མཐའ་མའི་གསལ་བཤད་བྱས། འདྲི་གཅོད་མཚམས་བཞག་པའི་རྗེས་སུ། མཉམ་གྲོས་ཁྲིམས་སས་གྱོད་དོན་ལ་དཔྱད་བསྡུར་བྱས་པར་མ་ཟད། འདྲི་གཅོད་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ནས་གྲོས་བསྡུར་བྱས་རྗེས་ཐད་ཀར་ཐག་གཅོད་ཁྱབ་བསྒྲགས་བྱས་པ་རེད། 
          ཧའར་པིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ངོས་འཛིན་བྱས་དོན། ཞུ་སྦྱོར་ཕྱི་མ་བ་ཁྲེན་ཁྲེང་ལུང་གིས་རྐང་བཙུགས་ནས་མི་གཞན་གྱི་ཚེ་སྲོག་ཁྲིམས་འགལ་གྱིས་བཙན་འཕྲོག་བྱས་པའི་བྱ་སྤྱོད་དེ་བསམ་བཞིན་དུ་མི་བསད་པའི་ནག་ཉེས་པ་ཡིན་ཞིང་། གྱོད་གཞི་དེའི་དོན་དངོས་ཁ་གསལ་བ་དང་། དཔང་རྟགས་ཡང་དག་ཅིང་ཁུངས་བཙན་པོ་ཡོད། ཁྲེན་ཁྲེང་ལུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་ཐབས་དང་ལེན་མི་བྱེད་པ་དང་། རིམས་འགོག་མི་སྣའི་ཁ་ལ་མི་ཉན་པར། གྲི་བཟུང་ནས་རིམས་འགོག་དང་བླངས་པ་བསད་པས། ནག་ཉེས་དང་མཇུག་འབྲས་ཧ་ཅང་ཚབས་ཆེན་ཡིན་སྟབས། ཁྲིམས་ལྟར་ཆད་པ་ནན་མོ་གཅོད་དགོས་པ་དང་། དེའི་ནག་ཉེས་ཀྱི་བྱ་སྤྱོད་ཀྱིས་ཞོར་འབྲེལ་དམངས་དོན་གཏུག་བཤེར་ཞུ་སྦྱོར་སྔ་མ་བར་བཟོས་པའི་དཔལ་འབྱོར་གྱི་གྱོང་གུན་དེ་ཁྲིམས་ལྟར་སྐྱིན་ཚབ་སྤྲོད་དགོས། ཞེས་གོང་གསལ་ལྟར་ཁྲིམས་ཐག་བཅད་པ་རེད། 
          གནོད་འཚེ་ཕོག་མཁན་དང་ཞུ་སྦྱོར་ཕྱི་མ་བའི་གཉེན་ཉེ་དང་དེ་བཞིན་མང་ཚོགས་ཁག་ཅིག་བཅས་ཀྱིས་ཁྲིམས་སའི་འདྲི་གཅོད་ཟུར་ཉན་བྱས་པ་རེད།
རྩོམ་སྒྲིག་པ། རིག་གྲོལ།