▶སློབ་མ16གིས་སློབ་མ་ཞིག་ལ་ཉེས་རྡུང་བཏང་བའི་གྱོད་གཞིའི་སྐོར།
སྤེལ་དུས 2021-09-13
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
ཉེ་ཆར། ཡུན་ནན་ཞིང་ཆེན་ཅན་ཧྲུའེ་རྫོང་གི་བུ་མོ་ཞིག་ལ་མི་མང་པོ་ཞིག་གིས་མཐའ་བསྐོར་ཏེ་ཉེས་རྡུང་བྱས་པའི་བརྙན་པར་དྲ་ལམ་ཡོངས་སུ་ཁྱབ་ཅིང་། སྤྱི་ཚོགས་ཡོངས་ཀྱིས་དེ་ལ་དོ་ཁུར་ཆེན་པོ་བྱས། ཅན་ཧྲུའེ་རྫོང་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཚེས8ཉིན་བརྡ་ཁྱབ་སྤེལ་དོན། བརྟག་དཔྱད་བྱས་པ་བརྒྱུད་གྱོད་གཞི་དེ་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་མི16དང་འབྲེལ་བ་ཡོད་ལ་ཚང་མ་སློབ་མ་རེད། ལོ་ན་ཆེ་ཤོས་ལོ14ཡིན་པ་དང་ཆུང་ཤོས་ལོ11རེད། མིག་སྔར་ཚང་མར་ཁྲིམས་ལྟར་ཆད་པ་བཅད་ཡོད་ཅེས་བཀོད་ཡོད།
ཅན་ཧྲུའེ་རྫོང་སྤྱི་བདེ་ཅུས་ཀྱིས་རྩད་གཅོད་བྱས་པ་བརྒྱུད། ཟླ8པའི་ཚེས21ཉིན་གྱི་ཆུ་ཚོད13ཙམ་ལ། ཝན་ཆེ་གེ་མོ(བུད་མེད། ལོ13 སློབ་མ། )ཀའོ་ཆེ་གེ་མོ(བུད་མེད། ལོ13 སློབ་མ།)སོགས་ཀྱིས་ཀྲང་ཆེ་གེ་མོ(བུད་མེད། ལོ12 སློབ་མ།)ཧྥེང་ཆེ་གེ་མོ(སྐྱེས་པ། ལོ13 སློབ་མ།)ཡི་ཁྱིམ་དུ་བོས་རྗེས་ཉེས་རྡུང་བཏང་།
ཟླ9པའི་ཚེས8ཉིན། ཅན་ཧྲུའེ་རྫོང་སྤྱི་བདེ་ཅུས་ཀྱིས《བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ལྟར། ཁྲིམས་འགལ་ངང་མི་གཞན་གྱི་མི་ལུས་རང་དབང་ལ་ཚོད་འཛིན་དང་། མངོན་སུམ་འཛེམ་མེད་ཀྱིས་མི་གཞན་ལ་བརྙས་བཅོས་བྱེད་པ། མི་གཞན་ལ་ཉེས་རྡུང་གཏོང་བ་བཅས་བྱེད་མཁན་གྱི་ཙོན་ཆེ་གེ་མོ་དང་། ཧྥེང་ཆེ་གེ་མོ། ཀྲུའུ་ཆེ་གེ་མོ། ཞུས་ཆེ་གེ་མོ་བཅས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན4ལ་སྲིད་འཛིན་ཆད་པ་བཅད་པ་དང་། སྤྱི་བདེ་ལས་ཁུངས་ཀྱི་ཆད་པ་དང་ལེན་དང་སློབ་གྲྭའི་སྒྲིག་སྲོལ་ལྟར་ཆད་པ་ནན་པོ་བཅད་རྗེས། སློབ་གསོ་པུའུ་ཡིས《སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་ཆད་གཅོད་བསླབ་སྡོམ་སྒྲིག་སྲོལ(ཚོད་ལྟའི་ལག་བསྟར།)》གྱི་གཏན་འབེབས་གཞིར་བཟུང་ཏེ། ཁྲིམས་ལྟར་ཆེད་མངགས་སློབ་གྲྭར་སྤོས་པ་རེད། ལོ་ན་བཅུ་བཞི་ལ་མ་སོན་པའི་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཝན་ཆེ་གེ་མོ་དང་། ཀའོ་ཆེ་གེ་མོ། ཚའེ་ཆེ་གེ་མོ་སོགས་མི12ལ་སློབ་གསོ་ནན་མོ་བཏང་བ་དང་། ཁོ་ཚོའི་ལྟ་སྐྱོང་པར་ཁོ་ཚོ་ལ་དོ་དམ་སློབ་གཅུན་ནན་པོ་བྱེད་དགོས་པའི་བཀའ་ཕབ་ཅིང་། སྤྱི་བདེ་ལས་ཁུངས་ཀྱི་ཐག་གཅོད་དང་ལེན་བྱས་རྗེས། སློབ་གྲྭས་སློབ་གྲྭའི་སྒྲིག་སྲོལ་ལྟར་ཆད་པ་ནན་མོ་བཅད་པ་རེད།
ཅན་ཧྲུའེ་རྫོང་གིས་སེམས་ཁམས་བློ་འདྲིའི་ཆེད་མཁས་པ་མངག་ནས་གནོད་འཚེ་ཕོག་མཁན་ལ་སེམས་གསོ་ལྟ་སྐྱོང་གནང་བ་དང་། དེ་དང་ཆབས་ཅིག་གྱོད་གཞིའི་ཤུགས་རྐྱེན་སེལ་ཆེད། ཁོ་མོའི་བསམ་འདུན་ལྟར་དེ་དང་བབ་མཚུངས་ཀྱི་སློབ་གྲྭ་གཞན་པར་སྤོ་རྒྱུ་བྱས་ལ། འབྲེལ་ཡོད་དམངས་དོན་སྐྱིན་གསབ་སོགས་ཀྱི་གནད་དོན་རྣམས་ལ་ཅན་ཧྲུའེ་རྫོང་གི་ལས་དོན་ཆེད་དོན་ཚན་པས་བཅའ་ཁྲིམས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཤིང་། གནོད་འཚེ་ཕོག་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱས་པ་རེད།
མིག་སྔར་ཅན་ཧྲུའེ་རྫོང་སྒྲིག་ཨུ་དང་ཞིབ་དཔྱོད་ལས་ཁུངས་གཉིས་གྱོད་གཞི་ཧྲིལ་པོར་བརྟག་དཔྱད་དང་ཐག་གཅོད་བྱེད་པའི་བརྒྱུད་རིམ་ནང་དུ་ཞུགས་ཤིང་། ལས་ཀ་མི་བྱེད་པ་དང་། འགོར་འགྱངས་བྱེད་པ། ལས་ཀའི་འགན་མི་འཁུར་མཁན་གྱི་འབྲེལ་ཡོད་གཞུང་ལས་མི་སྣར་འགན་འཁྲི་རྩད་གཅོད་ནན་མོ་གཏོང་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།