ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དཀར་མཛེས་ཁུལ་གྱི་འདབ་པ་རྫོང་དུ་ལོ་ཁྲི13སྔོན་གྱི་སྟ་རེ་ཞིག་རྙེད།

སྤེལ་དུས 2021-09-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

            ཟླ9པའི་ཚེས27ཉིན། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་“ཀྲུང་གོའི་གནའ་དཔྱད”ཅེས་པའི་གཙོ་གནད་ལས་གཞིའི་འཕེལ་རིམ་ལས་དོན་ཚོགས་འདུ་བསྡུས། ཚོགས་ཐོག་ཏུ་སི་ཁྲོན་འདབ་པ་ནས་རྡོ་ཆས་རྙིང་མའི་དུས་སྐབས་ཀྱི་གནའ་ཤུལ་ཏེ་ཕན་རོགས་གནའ་ཤུལ་ཞེས་པ་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི100ཙམ་ཡོད་པ་ཞིག་གསར་རྙེད་བྱུང་བ་བསྒྲགས། གནའ་ཤུལ་དེར་མ་མཐའ་ཡང་ལོ་ངོ་ཁྲི13ཡན་གྱི་ལོ་རྒྱུས་ལྡན་པར་མ་ཟད། དེ་བས་ཀྱང་གལ་ཆེ་བ་ཞིག་ནི་ཡུལ་དེ་མཚོ་བོད་མཐོ་སྒང་གི་ཤར་སྣེར་ཡོད་པར་མ་ཟད་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3750ཡས་མས་ཟིན་པ་དེའོ།  །གནའ་ཤུལ་སྔོག་འདོན་བྱས་ཚུན་དུ་གནའ་རྫས་རྟོག་ཞིབ་པ་ཚོས་དེ་གར་སྟ་རེ་སོགས་རྡོ་ཆས་ཁྲི་གཅིག་ལ་ཉེ་བ(ས་འོག་ནས་དངོས་རྫས6000ལྷག་ཙམ་སྔོག་འདོན་བྱས་པ་དང་ས་ངོས་ནས་དངོས་རྫས3000ལྷག་རྙེད)གསར་རྙེད་བྱུང་བ་དང་། དེའི་ཐོག་ནས་མིའི་རིགས་ནི་ལོ་ངོ་ཁྲི13གྱི་ཡར་སྔོན་ནས་མཚོ་བོད་མཐོ་སྒང་དུ་འཚོ་བཞིན་ཡོད་པ་ར་སྤྲད། ལྷག་པར་དུ་སྟ་རེ་སོགས་ཨ་ཧྲེ་ལིའི་ཐོན་རྫས་(ཨ་ཧྲེ་ལི་ཞེས་པ་ནི་རྡོ་ཆས་རྙིང་མའི་རིག་གནས་ཀྱི་དུས་མཚམས་ཤིག་སྟེ་ད་བར་དུ་ལོ་ཁྲི་170ནས་ཁྲི་20ཙམ་གྱི་ལོ་རྒྱུས་ཡོད་པ་དང་།  ཧྥ་རན་སིའི་ཨ་ཧྲེ་ལི་ཞེས་པའི་ས་ཆར་ཐོག་མར་རྙེད་པས་མིང་དེ་ཐོགས)སྐོར་ཞིག་ཡོད་པ་དེས།  “ཤར་ཕྱོགས་པའི་དུས་རིམ་སྔ་མའི་རིག་གནས་ནི་ནུབ་ཕྱོགས་ལས་རྗེས་ལུས་ཡིན་”ཞེས་པའི་རིག་གཞུང་ཟེར་སྒྲོས་ནི་ཁུངས་མེད་འཆལ་གཏམ་ཡིན་པ་ར་སྤྲད། 
ཕན་རོགས་གནའ་ཤུལ།
            ཆེད་མཁས་པས་གསུངས་དོན།  ཕན་རོགས་གནའ་ཤུལ་ནི་འཛམ་གླིང་རང་བཞིན་གྱི་རིག་གཞུང་དང་སྤྱི་ཚོགས་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཅིག་ཡིན་པ་དང་། མ་འོངས་པར་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས། 
            ཨེ་ཤེ་ཡ་ཤར་མའི་སྟ་རེ་དང་མིའི་རིགས་ས་བབ་མཐོ་བའི་ཁོར་ཡུག་དང་འཚམ་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་འཚོལ་ཞིབ་བྱ་ཆེད། སི་ཁྲོན་ཞིང་ཆེན་རིག་དངོས་གནའ་དཔྱོད་ཞིབ་འཇུག་ཁང་རྡོ་ཆས་རྙིང་པ་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཀྲེང་ཀྲི་ཞོན་གྱིས་2019ལོ་ནས་བཟུང་འབྲེལ་ཡོད་ཚོགས་པ་སྒྲིག་འཛུགས་བྱས་ཏེ། སི་ཁྲོན་ནུབ་རྒྱུད་ཀྱི་མཐོ་སྒང་དུ་རྡོ་ཆས་རྙིང་མའི་དུས་རབས་ཀྱི་གནའ་དཔྱོད་ཆེད་དོན་བརྟག་དཔྱད་བྱས་ནས་འདབ་པ་རྫོང་གི་ཕིས་ལོ་གནའ་ཤུལ་གསར་རྙེད་བྱུང་བར་མ་ཟད། པེ་ཅིང་སློབ་ཆེན་གནའ་རྫས་རྟོག་ཞིབ་རིག་གནས་སློབ་གླིང་དང་མཉམ་འབྲེལ་བྱས་ནས2021ལོའི་ཟླ4པར་གནའ་ཤུལ་དངོས་སུ་སྔོག་འདོན་བྱས། སྔོག་འདོན་བརྟག་དཔྱད་ལས་དོན་གྱི་ཐོག་ནས་ཕན་རོགས་གནའ་ཤུལ་ནི་ཡུལ་དུས་དམིགས་བསལ་དང་། གཞི་ཁྱོན་ཆེ་བ། ས་རིམ་ཉར་ཚགས་ལེགས་པ། རིག་གནས་ཀྱི་གོ་རིམ་གསལ་བ། ཤུལ་བཞག་དངོས་རྫས་ཀྱི་རྗེས་ཤུལ་ཕུན་སུམ་ཚོགས་པ། ལག་རྩལ་གྱི་ཁྱད་ཆོས་མངོན་གསལ་དོད་པ། རིག་གནས་ཀྱི་གྲུབ་རྐྱེན་སྣ་མང་ཡོད་པ་བཅས་མཐོང་དཀོན་པའི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་གནའ་ཤུལ་ཆེ་གྲས་ཤིག་ཡིན་པ་གསལ་པོར་མཚོན།

ཆེད་མཁས་པས་ཕན་རོགས་གནའ་ཤུལ་གྱི་ས་འོག་ནས་ཐོན་པའི་རྡོ་ཆས་ལ་གཟིགས་ཞིབ་གནང་བཞིན་པ།
            གནའ་ཤུལ་དུ་ཁྱོན་བསྡོམས་རྡོ་ཆས་དང་མེ་ཐལ་གྱི་རྗེས་ཤུལ་ཁྲི་གཅིག་ཙམ་གསར་རྙེད་བྱུང་བ་དང་། “རྡེའུ་རིལ་རྡོ་ཆས་སྡེབ་སྒྲིག——ཨ་ཧྲེ་ལི་ལག་རྩལ་མ་ལག——རྡོ་ལེབ་རྡོ་ཆས་མ་ལག”བཅས་ཏེ་རྡོ་ཆས་རྙིང་མའི་དུས་རབས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་བརྒྱུད་རིམ་གསལ་པོར་བསྟན་ཅིང་། ཀྲུང་གོའི་ལྷོ་ནུབ་ས་ཁུལ་དུ་མཚོན་རྟགས་རང་བཞིན་ལྡན་པའི་རྡོ་ཆས་རྙིང་མའི་དུས་ཀྱི་རིག་གནས་གོ་རིམ་ཐོག་མར་བཙུགས། གནའ་ཤུལ་ལས་རྙེད་པའི་སྟ་རེ་ནི་མིག་སྔར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཨ་ཧྲེ་ལི་ལག་རྩལ་གྱི་ཤུལ་བཞག་ཡིན་ལ། མིག་སྔར་ཨེ་ཤེ་ཡ་ཤར་མའི་ས་ཁུལ་གྱི་ཆེས་དཔེ་མཚོན་གྱི་རྣམ་པ་དང་། བཟོ་སྐྲུན་སྤུས་ལེགས་པ། ལག་རྩལ་བྱང་ཆུབ་པ། མཉམ་སྡེབ་ཆ་ཚང་པ་བཅས་ཀྱི་ཨ་ཧྲེ་ལིའི་དངོས་རྫས་ཡིན་པས། རྡོ་ཆས་རྙིང་མའི་དུས་ཀྱི་ཤར་ནུབ་རིག་གནས་སྤེལ་རེས་ལ་ཞིབ་འཇུག་དང་དཔང་རྟགས་གལ་ཆེན་མཁོ་འདོན་བྱས་ཡོད། གནའ་ཤུལ་དེར་བསྟུད་མར་ས་རིམ་ཕུང་གསོག་ཐེབས་པ་དང་། ས་ལ་སྦས་པའི་ཆ་རྐྱེན་ལེགས་པ། རྡོ་ཆས་ལག་རྩལ་རིམ་འགྱུར་གྱི་གོ་རིམ་གསལ་བ་བཅས་ལས་སྔ་དུས་ཀྱི་མིའི་རིགས་ཀྱིས་མཐོ་སྒང་གི་མུ་མཐའི་ཁོར་ཡུག་ནས་འཚོ་སྡོད་བྱེད་པའི་ནུས་པ་དང་། བྱེད་སྟངས། ལོ་རྒྱུས་ཀྱི་འཕེལ་རིམ་བཅས་མངོན་པ་དང་། མིའི་རིགས་ཀྱི་མཆེད་ཚུལ་དང་རྒྱ་མཚོའི་ངོས་ལས་ས་བབ་མཐོ་བའི་ཁོར་ཡུག་དང་འཕྲོད་ཚུལ་ལ་ཞིབ་འཇུག་བྱེད་པར་ཆ་འཕྲིན་གལ་ཆེན་འདོན་སྤྲོད་བྱས་ཡོད། གསར་རྙེད་དེ་དག་གི་ཐོག་ནས་ཕན་རོགས་གནའ་ཤུལ་ནི་འཛམ་གླིང་རང་བཞིན་གྱི་རིག་གཞུང་དང་སྤྱི་ཚོགས་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཅིག་ཡིན་པ་དང་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་སོ།  ། 
རྩོམ་སྒྲིག་པ། བདེ་སྒྲོལ།