ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སི་ཕེན་དུ་མེ་རི་འཕྱུར་ནས་གཟའ་འཁོར་དགུའི་རིང་མཚམས་མ་བཞག

སྤེལ་དུས 2021-11-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          སི་ཕེན་གྱི་ལ་ཕ་ཨར་མ་གླིང་ཕྲན་སྟེང་གི་ལའོ་ཁུན་པུའུ་ལའེ་མེ་རི་འཕྱུར་ནས་གཟའ་འཁོར་དགུ་སོང་ཡང་མཚམས་མ་བཞག  མེ་རིའི་ཐལ་རྡུལ་གྱིས་གླིང་ཕྲན་སྟེང་གི་གནམ་ཐང་ལ་ཤུགས་རྐྱེན་ཐེབས་ནས་ཡང་བསྐྱར་སྒོ་བརྒྱབ་པ་དང་། ཚེས21ཉིན་ད་དུང་སྒོ་ཕྱེ་མེད་པ་རེད།

ཟླ9པའི་ཚེས29ཉིན་ཡོངས་བསྒྲགས་བྱས་པའི་པར་དེའི་ཐོག་ནས་སི་ཕེན་གྱི་ལ་ཕ་ཨར་མ་གླིང་ཕྲན་སྟེང་གི་ལའོ་ཁུན་པུའུ་ལའེ་མེ་རི་འཕྱུར་བའི་བྲག་ཞུན་དེ་རྒྱ་མཚོའི་ནང་དུ་བཞུར་བ་མངོན་ཐུབ།
          སི་ཕེན་གྱི་རླུང་འཕྲིན་བརྙན་འཕྲིན་ཀུང་སི་ནས་གནས་ཚུལ་སྤེལ་བར་གཞིགས་ན། གཟའ་འཁོར་སྔོན་མའི་གཟའ་མཇུག་ཏུ་མེ་རིའི་རྡོ་ཐལ་རླུང་གིས་ལ་ཕ་ཨར་མ་གླིང་ཕྲན་གྱི་བྱང་ཤར་ཕྱོགས་སུ་ཁུར་བས་གླིང་ཕྲན་སྟེང་གི་གནམ་ཐང་ལས་མཚམས་མི་འཇོག་ཀ་མེད་བྱུང་བ་དང་། ཚེས21ཉིན་མི་རྣམས་སྔར་བཞིན་གྲུ་གཟིངས་ལ་བསྡད་དེ་ལ་ཕ་ཨར་མ་གླིང་ཕྲན་ཐོག་འགྲོ་འོང་བྱེད་པ་ལས་ཐབས་གཞན་མེད།
          ལའོ་ཁུན་པུའུ་ལའེ་མེ་རི་ཟླ9པའི་ཚེས19ཉིན་ནས་འཕྱུར་བ་དང་། འཇར་མན་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འཕྱུར་ཡོང་བའི་རྡོ་ཞུན་གྱིས་གླིང་ཕྲན་སྟེང་གི་ས་ཆ་སྤྱི་ཆིང1050ལ་ཁྱབ་པ་དང་། དེ་མིན་བྲག་ཞུན་ཁག་ཅིག་རྒྱ་མཚོའི་ནང་བཞུར་ནས་གྲང་མོ་ཆགས་རྗེས་སྐམ་ས་གསར་པ་ཞིག་ཆགས་པ་དང་རྒྱ་ཁྱོན་སྤྱི་ཆིང40ལས་བརྒལ་བ་དེ་རྐང་རྩེད་སྤོ་ལོའི་ར་བ50ལྷག་དང་མཚུངས་པ་ཡིན།
          མེ་རི་འཕྱུར་བས་གནས་དེའི་གྲོང་མིའི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་བཟོས་པ་དང་། གླིང་ཕྲན་སྟེང་དུ་མང་ཚོགས་ཁྲི8ལྷག་ཡོད་པའི་ཁྲོད་ནས་མི7000ཙམ་རང་ཉིད་ཀྱི་སྡོད་གནས་ལ་ཁ་མི་འབྲལ་ཀ་མེད་བྱུང་ཡོད། ཡོ་རོབ་མནའ་འབྲེལ་གྱི“ཀུ་པའེ་ཉི”སའི་གོ་ལའི་ལྟ་ཞིབ་ཚད་ལེན་འཆར་གཞིའི་གཞི་གྲངས་ལས་མངོན་པ་ལྟར་ན། མེ་རི་འཕྱུར་བ་དེས་གླིང་ཕྲན་སྟེང་གི་འཛུགས་སྐྲུན་དངོས་པོ2600ཙམ་ལ་གནོད་སྐྱོན་ཕོག་ཅིང་། གླིང་ཕྲན་སྟེང་གི་གཞུང་ལམ་དང་ས་ཞིང་། ངང་ལག་འདེབས་འཛུགས་ར་བ་བཅས་མི་ཉུང་བ་ཞིག་ཀྱང་བྲག་ཞུན་འོག་བཅུག་པ་རེད།
          ལ་ཕ་ཨར་མ་གླིང་ཕྲན་གྱི་ཁོངས་གཏོགས་ཅ་ན་ལེ་གླིང་ཚོམ་གྱི་དབང་འཛིན་ལས་ཁུངས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། མེ་རི་འཕྱུར་བ་དེས་དཔལ་འབྱོར་ཐད་གྱོང་གུན་ཐེབས་པ་ཡོབ་སྒོར་དུང་ཕྱུར9ལས་བརྒལ་འདུག་ཅིང་། ཉེ་བའི་གཟའ་འཁོར་འགའི་ནང་ལའོ་ཁུན་པུའུ་ལའེ་མེ་རི་འཕྱུར་ཚད་ཇེ་དལ་དུ་སོང་ཡོད་ཀྱང་ཆེད་མཁས་པས་སྔོན་དཔག་བྱས་པ་ལྟར་ན་དུས་ཡུན་ཐུང་ངུའི་ནང་དུ་འཕྱུར་མཚམས་འཇོག་མི་སྲིད་ཟེར།
རྩོམ་སྒྲིག་པ། བདེ་སྒྲོན།