ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུ་ལྷ་སར་འཚོགས་འདུག

སྤེལ་དུས 2022-01-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

ཀྲུང་གོའི་བོད་ལྗོངས་མངའ་རིས·ལྷ་ས་ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུ་སྐབས་གཉིས་པའི་ཡུལ་དངོས།
             ཀྲུང་གོའི་བོད་ལྗོངས་མངའ་རིས·ལྷ་ས་ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུ་སྐབས་གཉིས་པ་ལྷ་སར་འཚོགས་ཤིང་། བོད་ལྗོངས་དང་། པེ་ཅིང་། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་རྒྱལ་ནང་གི་མཐོ་རིམ་སློབ་ཆེན་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་ཞང་ཞུང་རིག་གནས་ལ་ཞིབ་འཇུག་བྱེད་པའི་ཆེད་མཁས་པ་དང་མཁས་དབང60མཉམ་དུ་འཛོམས་ནས་རིག་གཞུང་བགྲོ་གླེང་བྱས་པ་རེད།
             ཞང་ཞུང་རིག་གནས་ནི་བོད་མི་རིགས་ཀྱི་གནའ་བོའི་མེས་པོ་རྣམས་ཀྱིས་གསར་དུ་བཏོད་པའི་ཤེས་རིག་ཡིན་པ་དང་། དེའང་བོད་མི་རིགས་ཀྱི་འབྱུང་ཁུངས་ཀྱི་རྩ་བ་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་གནའ་བོའི་འབྱུང་ཁུངས་ཤིག་ཀྱང་རེད། ཚོགས་ཆེན་གྱི་སྙན་ཞུའི་ཁྲོད་དུ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་དོན་གྲུབ་ལྷ་རྒྱལ་གྱིས《བོན་གྱི་འདུ་གནས་སྟོད་ལུང་འབྲི་ལུང་དགོན་ཤུལ་གྱི་སྐོར་རགས་ཙམ་གླེང་བ》ཞེས་པའི་སྙན་ཞུ་གནང་བ་དང་། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཤར་རྒན་དབང་འདུས་ཀྱིས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གད་པ་སེར་རུལ་གྱི2017ལོ་ནས2020ལོའི་བར་གྱི་གནའ་རྫས་རྟོག་ཞིབ་གནས་ཚུལ་སྐོར་ངོ་སྤྲོད་གནང་བ་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་མུའུ་ཧྲི་ཧྭ་ཡིས《ཞང་ཞུང་སྐད་ཀྱི་རྒྱུན་འཛིན་མ་ལག་གི་གོ་བབ་གསར་དཔྱད》ཞེས་པའི་སྙན་ཞུ་གནང་བ་རེད།
             ཚོགས་འདུའི་རིང་ཆེད་མཁས་པ་དང་མཁས་དབང་མང་པོ་ཞིག་གིས་ལོ་རྒྱུས་དང་གནའ་རྫས་རྟོག་ཞིབ། “རྒྱུད་གཅིག་ལམ་གཅིག”དང་རིག་གནས་སྤེལ་རེས། དཔེ་རྙིང་ཚད་ལྡན་ཡིག་ཆ། དམངས་སྲོལ་རིག་གནས། གནམ་རིག་སྐར་རྩིས། སྐད་རིགས་དང་སྒྱུ་རྩལ་སོགས་ཀྱི་ཐད་ནས་རིག་གཞུང་དཔྱད་གླེང་དང་བགྲོ་གླེང་བྱས་པ་རེད། དེའི་ནང་ཚོགས་ཞུགས་མི་སྣ་མང་པོ་ཞིག་གིས་ཞང་ཞུང་རིག་གནས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་གཏོད་པའི་ཁྲོད་ཐོན་པའི་ནུས་པ་དང་དེ་བཞིན་ཞང་ཞུང་རིག་གནས་ཀྱིས་ཀྲུང་གོའི་མི་རིགས་མང་པོའི་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་དམིགས་ནས་བརྗོད་པ་རེད།
             དཔེར་ན་ཁྲེང་ཏུའུ་དགེ་འོས་སློབ་གྲྭའི་འཆད་ཁྲིད་དགེ་རྒན་སུང་ཧྥང་གིས་འབྲུག་དཀར་གཙང་པོའི་འབབ་རྒྱུད་ཀྱི་ཆེས་བསྐྲུན་སྔ་ཤོས་དང་སྐད་གྲགས་ཆེ་ཤོས་ཡིན་པའི་བོན་པོའི་དགོན་པ་དགུ་སྤྱང་དགོན་དང་དེའི“གཏོང་སྲུང”ལ་ཞིབ་འཇུག་བྱས་པ་བརྒྱུད“གཏོ་སྲུང”ནང་གི་སེང་གེའི་འཁྲབ་སྟོན་དང་དཔྱིད་གླང་ལོ་ཐོའི་རྣམ་བཤད་ལ་སོགས་པའི་ཆོ་ག་དང་འབྲེལ་ཡོད་ཀྱི་ཆོས་དཔེ་ལས་མངོན་པའི་དགུ་ཁྲ་དང་སྤར་ཁ། འབྱུང་བ་ལྔ། ལོ་སྐོར་བཅུ་གཉིས་ཞེས་པ་སོགས་ཚང་མ་རྒྱའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་པ་དང་། དེའི་ཕུན་སུམ་ཚོགས་པའི་རིག་གནས་དོན་སྙིང་ལས་རྒྱ་བོད་རིག་གནས་དབར་ཕན་ཚུན་འབྲེལ་འདྲིས་དང་། ཕན་ཚུན་བརྗེ་རེས། ཕན་ཚུན་སློབ་སྦྱོང་བྱས་པའི་ལོ་རྒྱུས་བརྒྱུད་རིམ་མངོན་པར་མཚོན་པའི་ངོས་འཛིན་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།