ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

▶དགེ་འདུན་པ31བོད་ལྗོངས་ཀྱི་སློབ་བསྡུའི་རྒྱུགས་རའི་ཡིག་ཚད་ལ་ཞུགས།

སྤེལ་དུས 2022-06-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

          ཟླ6པའི་ཚེས20ཉིན་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི2022ལོའི“མཐོ་རམས་པའི”མཐོ་རིམ་ཡོན་གནས་སློབ་པའི་ཡིག་ཚད་དེ་བོད་ལྗོངས་ནང་བསྟན་སློབ་གླིང་དང་མཚོ་སྔོན་ནང་བསྟན་སློབ་གླིང་ནས་འགོ་བརྩམས་ཡོད། དུས་ཡུན་ཉིན་བཞི་རིང་གི་ཡིག་ཚད་ཁྲོད་གྲྭ་བཙུན་ཚོས་ཚད་མ་དང་། ཕར་ཕྱིན། དབུ་མ། མཛོད། འདུལ་བ་བཅས་གཞུང་ཆེན་བཀའ་པོད་ལྔའི་རྟགས་གསལ་བཏང་བ་མ་ཟད། ད་དུང་བཅའ་ཁྲིམས་ཤེས་བྱ་དང་། རྒྱའི་སྐད་ཡིག་གི་རྨང་གཞི། བོད་ཡིག་གི་བརྡ་སྤྲོད་རིག་པ། རྩོམ་འབྲིའི་ཆུ་ཚད་བཅས་ལ་ཡིག་ཚད་བླངས།

ཟླ6པའི་ཚེས21ཉིན་གྱི་ཕྱི་དྲོར། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་རྒྱུགས་རར་རྟགས་གསལ་གཏོང་བཞིན་པ།

ཟླ6པའི་ཚེས21ཉིན་གྱི་ཕྱི་དྲོར།  ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་རྒྱུགས་རར་རྟགས་གསལ་གཏོང་བཞིན་པ།

ཟླ6པའི་ཚེས21ཉིན་གྱི་ཕྱི་དྲོར།  ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་རྒྱུགས་རར་རྟགས་གསལ་གཏོང་བཞིན་པ།
            ཚེས21ཉིན་གྱི་ཕྱི་དྲོར། བོད་ལྗོངས་ནང་བསྟན་སློབ་གླིང་གི་རྩོད་རའི་རས་ཡོལ་ཆེན་པོའི་འོག་ཏུ། བོད་རང་སྐྱོང་ལྗོངས་དང་ཡུན་ནན་ཞིང་ཆེན་ནས་ཡིག་ཚད་གཏོང་བར་ཡོང་བའི་དགེ་འདུན་པ31གིས《མངོན་པ་མཛོད》དང《འདུལ་བ》ཡི་སྐོར་ནས་ཆོས་རྩོད་བྱས་ཤིང་། དགེ་ལུགས་པ་དང་། རྙིང་མ་བ། བོན་པོ་བཅས་གྲུབ་མཐའ་གསུམ་གྱི་ཡིག་ཚད་ལ་ཞུགས་པའི་དགེ་འདུན་པ་དང་དཔྱད་བསྡུར་དགེ་རྒན། བོད་ལྗོངས་ནང་བསྟན་སློབ་གླིང་གི་དགེ་འདུན་པ་བཅས་ཀྱིས་མཐའ་ནས་སྐོར་ཏེ་ཁོང་ཚོའི་ཆོས་རྩོད་ལ་གསན། སྔ་རྒོལ་གྱིས་གཞུང་གི་ལྟ་བའི་གནད་ལ་དམིགས་ནས་སྒྲུབ་བྱེད་བརྗོད་ཅིང་། ཕྱི་རྒོལ་གྱིས་དེ་ལ་སུན་འབྱིན་པར་བྱེད་པ་སྟེ། སྔ་རྒོལ་དང་ཕྱི་རྒོལ་གཉིས་ཀྱི་རྩོད་པའི་རྣམ་པ་འཁྲུག་ཆ་དོད་ཅིང་། ཆོས་རྩོད་ལ་གསན་མཁན་གྱི་དགེ་འདུན་པ་རྣམས་ཀྱིས་སྐབས་འགར་སྨེ་ངག་འདོན་བཞིན་མི་འཐད་པའི་རྣམ་འགྱུར་སྟོན་པ་དང་སྐབས་འགར་ཧབ་ཆ་རྒྱག་བཞིན་འཐད་པའི་རྣམ་འགྱུར་སྟོན་པར་བྱེད།
            བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ཐེག་གླིང་དགོན་ནས་ཡིག་ཚད་གཏོང་དུ་ཡོང་མཁན་དགེ་འདུན་པ་ཕུར་བུ་དོན་གྲུབ་ནི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི“མཐོ་རམས་པའི”མཐོ་རིམ་ཡོན་གནས་སློབ་མ་བསྡུ་བའི་ཡིག་ཚད་ནང་ཞུགས་ཐེངས་གསུམ་པ་རེད། ཁོང་གིས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་ཐོན་པའི“མཐོ་རམས་པ”ཚོར་ནང་བསྟན་གྱི་ཡོན་ཚད་ཧ་ཅང་མཐོན་པོ་ཡོད་པར་མ་ཟད། ད་དུང་ཕྱོགས་བསྡུས་བྱང་ཚད་ཡག་པོ་ཡོད་པས་རང་ཉིད་ཀྱང་དེ་གར་སློབ་སྦྱོང་བྱེད་པར་འགྲོ་འདོད་ཆེན་པོ་ཡོད་ཅེས་གསུངས།
            “2002ལོར་ང་ལ་བོད་ལྗོངས་ནང་བསྟན་སློབ་གླིང་དུ‘འབྲིང་རམས་པའི’ འབྲིང་རིམ་ཡོན་གནས་ཐོབ་མོད། འོན་ཀྱང་སློབ་སྦྱོང་ལ་རྫོགས་མཐའ་མེད་པ་དང‘མཐོ་རམས་པའི’ཡོན་གནས་ནི་འབུམ་རམས་པའི་ཡོན་གནས་དང་འདྲ་པོ་ཡོད་པས། དེ་ནི་ངའི་དམིགས་ཡུལ་ཡིན”ཞེས་བཤད། ཕུར་བུ་དོན་གྲུབ་ཀྱིས་རང་ཉིད་ཉིན་ཞིག་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་སློབ་སྦྱོང་བྱས་ཏེ་ཆོས་ལུགས་ཀྱི་ཡོན་ཚད་མཐོ་རུ་གཏོང་བ་དང་མཐོང་རྒྱ་ཆེ་རུ་གཏོང་བ་མ་ཟད། ད་དུང་ཚན་རིག་སོགས་ཤེས་བྱ་སྣ་མང་སློབ་སྦྱོང་བྱེད་པའི་གོ་སྐབས་ཡོང་རྒྱུའི་རེ་བ་བྱེད་ཀྱིན་ཡོད། ཁོང་གིས་མུ་མཐུད་དུ“དེ་ལྟར་བྱས་ཚེ་གཞི་ནས་དད་ལྡན་མང་ཚོགས་ལ་ཞབས་འདེགས་སྔར་ལས་ཡག་པོ་ཞུ་ཐུབ་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཐུབ”ཅེས་བཤད།

ཟླ6པའི་ཚེས21ཉིན་གྱི་ཕྱི་དྲོར། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི2022ལོའི“མཐོ་རམས་པའི”མཐོ་རིམ་ཡོན་གནས་སློབ་མ་བསྡུ་བའི་རྒྱུགས་རར་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ཐེག་གླིང་དགོན་ནས་ཡིག་ཚད་གཏོང་དུ་ཡོང་མཁན་དགེ་འདུན་པ་ཕུར་བུ་དོན་གྲུབ(གཡས)ཀྱིས་རྩོད་རྒྱུགས་ལེན་བཞིན་པ།
            ད་ལོར་ལོ43ལ་སླེབས་ཤིང་གྲུབ་མཐའ་བོན་པོ་ཡིན་པའི་ཡིག་ཚད་གཏོང་མཁན་རིན་ཆེན་བློ་གྲོས་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཀོ་རྒྱལ་དགོན་གྱི་ཡོངས་འཛིན་ཞིག་ཡིན་པ་དང་། དགོན་པ་ནས་གཞུང་བཀའ་པོད་ལྔར་སློབ་སྦྱོང་བྱས་ནས་ལོ25ཕྱིན་ཟིན། ནང་བསྟན་གྱི་ཡིག་ཚད་དང་བསྡུར་ཚེ་ཁོང་ཁྲིམས་ལུགས་ཤེས་བྱ་དང་རིག་གནས་ཡིག་ཚད་གཏོང་རྒྱུར་ཅུང་ཙམ་འཚབ་ཀྱིན་ཡོད། རིན་ཆེན་བློ་གྲོས་ཀྱིས“རང་ཉིད་ཀྱི་དགོན་པའི་ནང་གྲུབ་མཐའ་ནང་ཁུལ་གྱི་གསུང་རབ་ཁོ་ན་སློབ་སྦྱོང་བྱེད་ཆོག་པ་ལས་གྲུབ་མཐའ་གཞན་འབྲེལ་འདྲིས་བྱེད་པ་ཧ་ཅང་ཉུང་། རིག་གནས་འཕེལ་རྒྱས་གཏོང་དགོས་ན་གྲུབ་མཐའ་མི་འདྲ་བ་དང་རིག་གནས་མི་འདྲ་བ་ཚང་མའི་བར་ལ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་དགོས་པས། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནི་སྟེགས་བུ་ཧ་ཅང་ཡག་པོ་ཞིག་རེད”ཅེས་བཤད།
            ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་མ་ཁྲུའུ་ཡི་དགེ་རྒན་ཕུར་བུ་དོན་གྲུབ་ཀྱིས། ད་ལོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི2022ལོའི“མཐོ་རམས་པའི”མཐོ་རིམ་ཡོན་གནས་སློབ་མའི་འཛིན་གྲྭར་དགེ་ལུགས་པ་དང་། རྙིང་མ་བ། བོན་པོ་བཅས་གྲུབ་མཐའ་གསུམ་གྱི་སློབ་མ39བསྡུ་རྒྱུ་ཡིན་པ་དང་། དེའི་ཁྲོད་བོད་རང་སྐྱོང་ལྗོངས་ཀྱི་མི14དང་། སི་ཁྲོན་ཞིང་ཆེན་གྱི་མི14དང་། ཡུན་ནན་ཞིང་ཆེན་གྱི་མི1དང་། ཀན་སུའུ་ཞིང་ཆེན་གྱི་མི2དང་། མཚོ་སྔོན་ཞིང་ཆེན་གྱི་མི8བཅས་བསྡུ་རྒྱུའི་འཆར་གཞི་ཡོད་ཅེས་མཚམས་སྦྱོར་བྱས།
            “མཐོ་རམས་པའི”མཐོ་རིམ་ཡོན་གནས་སློབ་མ་ནི“འབྲིང་རམས་པའི”འབྲིང་རིམ་ཡོན་གནས་ཐོབ་ཟིན་མཁན་དང་དེ་བཞིན་དུ་དགོན་སྡེའི་ནང་དུ་གཞུང་བཀའ་པོད་ལྔ་སློབ་གཉེར་བྱས་ཟིན་པའི་སྲོལ་རྒྱུན་གྱི་མཐོ་རིམ་ཡོན་གནས་ཐོབ་མཁན་གྲྭ་བཙུན་ཡིན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་ཡིག་ཚད་སྤྲོད་པའི་གྲྭ་བཙུན120ལྷག་གི་ཁྲོད་ནས་མི39བསྡུ་ལེན་བྱ་རྒྱུ་ཡིན་པ་དང་། ཁོང་ཚོ་ད་ལོའི་ཟླ9པར་སློབ་གྲྭར་ཞུགས་ནས་པེ་ཅིང་དུ་དུས་ཡུན་ལོ་གསུམ་གྱི་རིང་ལ་བརྒྱུད་རིམ་ལྡན་པའི་ངང་ནས“མཐོ་རམས་པའི”མཐོ་རིམ་ཡོན་གནས་སློབ་མའི་སློབ་གསོ་དང་ལེན་བྱ་རྒྱུ་རེད།

ཟླ6པའི་ཚེས21ཉིན་གྱི་ཕྱི་དྲོར། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི2022ལོའི“མཐོ་རམས་པའི”མཐོ་རིམ་ཡོན་གནས་ཀྱི་སློབ་བསྡུའི་རྒྱུགས་ར།

ཟླ6པའི་ཚེས22ཉིན་གྱི་སྔ་དྲོར། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི2022ལོའི“མཐོ་རམས་པའི”མཐོ་རིམ་ཡོན་གནས་སློབ་མ་བསྡུ་བའི་རྒྱུགས་ར།
            བོད་བརྒྱུད་ནང་བསྟན་གྱི་རིམ་པ་གསུམ་ཅན་གྱི་ཡོན་གནས་སུ“མཚན་རམས་པའི”དམའ་རིམ་ཡོན་གནས་སྤྲོད་པ་དང་། “འབྲིང་རམས་པའི”འབྲིང་རིམ་ཡོན་གནས་སྤྲོད་པ། “མཐོ་རམས་པའི”མཐོ་རིམ་ཡོན་གནས་སྤྲོད་པ་བཅས་ལས་གྲུབ་ཅིང་། དེ་ནི་དངོས་གཞིའི་བསླབ་གནས་དང་། རབ་འབྱམས་པའི་བསླབ་གནས། འབུམ་རམས་པའི་བསླབ་གནས་བཅས་དང་མཚུངས།  2004ལོར་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་སློབ་པའི་ལམ་ལུགས་གསར་དུ་བཙུགས་ནས་ལག་བསྟར་བྱས་པའི་ཚུན་ལ། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་ཁྱོན་བསྡོམས“མཐོ་རམས་པའི”མཐོ་རིམ་ཡོན་གནས273དང“འབྲིང་རམས་པའི”འབྲིང་རིམ་ཡོན་གནས150སྤྲད་ཟིན།
རྩོམ་སྒྲིག་པ། བདེ་སྒྲོན།