ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མི་རིཊ་ཁག་དབར་གྱི་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ།

སྤེལ་དུས 2022-09-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

       ད་ལྟ་ལྷན་རྒྱས་ཀྱི་སྙན་ལམ་དུ་གསན་བཞིན་པའི་གླུ་སྒྲ་འདི་ནི་པེ་ཅིང་ཡུས་ཡོན་ཐན་སྤྱི་གླིང་གི་ཟུར་ཞིག་ནས་གྲགས་འོང་བའི་བོད་རིགས་ཀྱི་སྐོར་བྲོའི་དབྱངས་རྟ་ཞིག་ཡིན་པ་དང་། ཡུལ་དངོས་སུ་མི་མང་པོ་ཞིག་གིས་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་བོད་རིགས་ཀྱི་ཞབས་བྲོ་འཁྲབ་བཞིན་ཡོད། དེ་གར་ཉེ་བར་བཅར་ནས་ལྟ་སྐབས། ཁོང་ཚོས་བོད་ཆས་ལེགས་པར་སྤྲས་ཡོད་མོད། འོན་ཀྱང་ཁོང་ཚོའི་ཁྲོད་བོད་རིགས་གཅིག་ཀྱང་མེད་པ་རེད། འདི་ལྟ་བུའི་མཛེས་ལྗོངས་ནི་པེ་ཅིང་ཙམ་དུ་མ་ཟད་ཀྲུང་གོའི་གྲོང་ཁྱེར་ཆེ་གྲས་ཁག་གི་སྤྱི་གླིང་དང་ཐང་ཆེན་ཐོག་མང་པོ་མཐོང་རྒྱུ་ཡོད། ལྷག་པར་དུ་ཁྲེང་ཏུའུ་གྲོང་ཁྱེར་སོགས་རང་རྒྱལ་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཁག་ནང་། མི་རིགས་ཁག་གི་མང་ཚོགས་ཚོས་བོད་རིགས་ཀྱི་སྲོལ་རྒྱུན་གྱི་གླུ་གར་སྐོར་བྲོ་འཁྲབ་པའི་རྣམ་པ་གྲོང་ཁྱེར་གང་དེའི་མཛེས་ལྗོངས་ཁྱད་པར་བ་ཞིག་ཏུ་གྱུར་བ་མ་ཟད། དེང་གི་བརྙན་ཐུང་སྟེགས་བུ་ཆེ་གྲས་ཁག་གི་ཐོག་མཐོང་རྒྱུ་ཡོད་པས་དར་ཁྱབ་ཆེ་བའི་ཞབས་བྲོ་གསར་པ་ཞིག་དང་འཚོ་བའི་དར་སྲོལ་གསར་པ་ཏུ་གྱུར་ཡོད་པ་རེད།

△སྐོར་བྲོར་རོལ་བའི་གྲོང་མི། 
       ས་སྲོས་འཆར་ལ་ཉེ་བའི་མཚམས་སུ། གསར་འགོད་པ་ཁྲེང་ཏུའུ་གྲོང་ཁྱེར་ཁྲུན་ཞི་ལམ་གྱི་ཐང་ཆེན་ཞིག་གི་ཐོག་བསྐྱོད་སྐབས། ཐག་རིང་ནས་བོད་རིགས་ཀྱི་གླུ་གཞས་༼སྐལ་བཟང་ལགས༽ཞེས་པ་གསལ་པོར་ཐོས་ཐུབ་པ་དང་། གཟིགས་མོ་བའི་འདུ་འཛིའི་ཁྲོད་ཞབས་བྲོ་བ་ཚོས་ཅི་དགར་སྐོར་བྲོའི་སྟངས་སྟབས་ངོམས་པས། ཁྲེང་ཏུའི་ཁྲོམ་གཞུང་དེ་བས་འཁྲུག་ཆ་དོད་པར་གྱུར། སི་ཁྲོན་དར་རྩེ་མདོ་ནས་ཡིན་པའི་ཤེས་རབ་ཚེ་འཛིན་རྒྱུན་དུ་དེ་གར་ཞབས་བྲོ་འཁྲབ་པར་ཡོང་གི་ཡོད་ཅིང་། ཁོང་མོས་སི་ཁྲོན་གྱི་གྲུ་ཟུར་གང་སར་ཞབས་བྲོ་འཁྲབ་པའི་བརྙན་མཐོང་མང་པོ་ཞིག་འཁྱུག་དབྱིངས་སོགས་དྲ་སྟེགས་སུ་དར་ཁྱབ་ཆེན་པོ་བྱུང་བས། ཁོང་ཡང་མིང་དོན་མཚུངས་པའི་དྲ་གྲགས་ཤིག་ཏུ་གྱུར་ཡོད།
       རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་གཅིག་ཡིན་ཞིང་། མི་རིགས་ཁག་ཚང་མ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་ནང་མེད་དུ་མི་རུང་བའི་གྲུབ་ཆར་གྱུར་ཡོད། ཉེ་བའི་ལོའི་རིང་། རང་རྒྱལ་གྱི་འགྲིམ་འགྲུལ་དང་དཔལ་འབྱོར་གོང་འཕེལ་བྱུང་བ་དང་བསྟུན་ནས། ས་གནས་ཁག་དང་མི་རིགས་ཁག་དབར་གྱི་འགྲོ་འོང་ཡང་ཇེ་མང་དུ་སོང་བ་དང་། དེའི་ཁྲོད་གླུ་གར་རིག་གནས་ཀྱིས་མ་ཕྱི་བྱས་པའི་སྤེལ་རེས་བྱེད་སྒོ་ཁག་ནི་རིག་གནས་སྤེལ་རེས་ཀྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད། ལོ་ལྟར་རིམ་ཁག་སྒྱུ་རྩལ་ཚོགས་པས་མེས་རྒྱལ་ས་གནས་ཁག་ཏུ་སྐོར་སྐྱོད་འཁྲབ་སྟོན་བྱེད་བཞིན་པས། སྣ་རིགས་ཕུན་སུམ་ཚོགས་པའི་གྲངས་ཉུང་མི་རིགས་ཀྱི་གླུ་གར་འཁྲབ་སྟོན་དེ་དག་སྟེགས་བུ་ཆེ་གྲས་ཁག་གི་ཐོག་རྒྱུན་ཆད་མེད་པར་ཐོན་པ་དང་། སྐོར་བྲོ་སོགས་གྲངས་ཉུང་མི་རིགས་ཀྱི་གླུ་གར་རིག་གནས་དེ་དག་དམངས་ཁྲོད་དུ་དར་ཁྱབ་བྱུང་ནས། རང་རྒྱལ་གྱི་མི་རིགས་ཁག་གིས་སྒྱུ་རྩལ་སྤེལ་རེས་བྱེད་པའི་ཁྲོད་ལས་དབང་གཅིག་མཐུན་ཡིན་པ་མྱོང་ཚོར་ཐུབ་རྒྱུར་སྐུལ་མ་ཐེབས་པ་དང་། གླུ་གར་གྱི་སྤེལ་རེས་བྱེད་པ་བརྒྱུད་ཕན་ཚུན་གྱི་མཛའ་བརྩེ་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པ་རེད།

△དྲ་གྲགས་ཤེས་རབ་ཚེ་འཛིན། 
       ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ཁག་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་ཐེངས་མང་གནང་ཡོད། ཉེ་བའི་ལོའི་རིང་། མི་རིགས་ཁག་དབར་སྔར་བྱུང་མ་མྱོང་བའི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཐུབ་པས། གླུ་གར་གྱིས་དེའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། བོད་རིགས་མི་དམངས་ཀྱི་ངག་རྒྱུན་དུ་སྐད་ཆ་ཤོད་ཤེས་ན་གླུ་ལེན་ཤེས་པ་དང་། གོམ་པ་སྤོ་ཤེས་ན་བྲོ་འཁྲབ་ཤེས་ཞེས་པའི་ཤོད་སྲོལ་ཡོད། ཉེ་བའི་ལོའི་རིང་བོད་རིགས་ཀྱི་གླུ་གར་འཁྲབ་སྟོན་༼ཀྲུང་གོའི་སྐད་སྒྲ་སྙན་མོ་༽དང་།༼བྲོ་ཚོགས་༽སོགས་ཕྱོགས་བསྡུས་སྒྱུ་རྩལ་གྱི་ལེགས་འདེམས་ལེ་ཚན་ནང་གཅིག་མཇུག་གཉིས་མཐུད་དུ་ཐོན་པ་མ་ཟད་གྲུབ་འབྲས་ཀྱང་ཡག་པོ་ཐོབ་ཡོད། མི་མང་པོ་ཞིག་གིས་ཀྱང་བོད་རིགས་ཀྱི་གླུ་གར་ནི་ལྟ་འདོད་ལ་ཉན་སྤྲོ་བའི་སྒྱུ་རྩལ་རིག་གནས་ཤིག་ཡིན་པ་མྱོང་ཚོར་ཐུབ་ནས་དང་ལེན་དང་འཁྲབ་ལེན་བྱེད་བཞིན་ཡོད།

△བོད་ལྗོངས་སློབ་གྲྭ་ཆེན་མོའི་རོལ་དབྱངས་དགེ་རྒན་མི་འགྱུར་བསྟན་འཛིན་ལགས་ལ་བཅར་འདྲི་ཞུ་བ། 
       བོད་རིགས་ཀྱི་གླུ་གར་དང་འདྲ་བར། ཉེ་བའི་ལོའི་རིང་ཤིན་ཅང་ཡུ་གུར་རིགས་ཀྱི་གླུ་གར་དང་། ཧ་སག་རིགས་ཀྱི་གླུ་གར། དེ་བཞིན་སོག་རིགས་ཀྱི་གླུ་གར་སོགས་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་གླུ་གར་བརྒྱུད་སྤེལ་དང་དར་གསོ་ཟམ་མི་ཆད་པར་བྱུང་ཡོད། མི་རིགས་མི་འདྲ་བས་སྟེགས་བུ་གཅིག་གི་ཐོག་འཁྲབ་སྟོན་བྱེད་པའི་རྣམ་པ་མང་པོ་ཞིག་གིས་མི་རྣམས་ལ་བརྗེད་པར་དཀའ་བའི་བག་ཆགས་བཞག་ཁར། མི་རིགས་ཁག་དབར་རིག་གནས་སྤེལ་རེས་དང་མཉམ་འདྲེས་ཐུབ་རྒྱུར་ཡང་སྐུལ་མ་ཐེབས་ཡོད། མི་རིགས་ཁག་གིས་ལོ་རྒྱུས་རིག་གནས་དང་ས་ཁོངས་ཁོར་ཡུག་མི་འདྲ་བའི་འོག་རང་སོའི་ཁྱད་ཆོས་ལྡན་པའི་གླུ་གར་གྱི་སྒྱུ་རྩལ་རིག་གནས་བརྩམས་ཤིང་། དེའི་ཁྲོད་བརྩེ་དུང་དང་ཕ་ཡུལ་ལ་བཅངས་པའི་དྲན་གདུང་མཚོན་པ་ཡོད་ལ། ངལ་རྩོལ་དང་རྩལ་འགྲན་བྱེད་སྐབས་ཀྱི་གླུ་གར་གྱི་རིགས་ཀྱང་ཡོད། དེ་དག་ནི་མི་རིགས་ཁག་གི་ངལ་རྩོལ་མི་དམངས་ཀྱི་བློ་རིག་གི་ཉིང་བཅུད་དང་། དེ་བས་ཀྲུང་ཧྭ་མི་རིགས་ཀྱི་བཀྲག་མདངས་འཚེར་བའི་རིག་གནས་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན།

△དྲ་གྲགས་ཤེས་རབ་ཚེ་འཛིན་གྱིས་ཁྲེང་ཏུའི་ཁྲོམ་གཞུང་དུ་སྐོར་བྲོ་འཁྲབ་བཞིན་པ། 
       ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་བར་ཕྱི་གསུམ་དུ་མི་རིགས་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་རྒྱུད་འཛིན་བྱ་རྒྱུར་ཐུགས་ཁུར་ཆེན་པོ་གནང་གི་ཡོད། སྤྱི་ལོ་2016ལོའི་ཟླ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་ཧེ་ཀྲེ་རིགས་ཤང་དུ་རྟོག་ཞིབ་གནང་སྐབས། མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་ཡིན། གལ་ཏེ་ཀྲུང་ཧྭའི་རིག་གནས་ནི་གཞུང་རྟ་ལྟ་བུ་ཡིན་ཚེ། མི་རིགས་ཁག་གི་རིག་གནས་ནི་ཡལ་འདབ་ལྟ་བུ་ཡིན་པས། རྩ་བ་བརྟན་པོ་བྱུང་ན་གཞི་ནས་ཡལ་འདབ་ལྷུག་པོར་གྲོལ་ཐུབ་ཅེས་བསྟན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་གྱིས་མི་དེ་བས་མང་བ་སྲོལ་རྒྱུན་གླུ་གར་རྒྱུད་འཛིན་དང་སྲུང་སྐྱོབ་བྱེད་པའི་ལས་དོན་ཁྲོད་ཞུགས་རྒྱུར་སྐུལ་མ་ཐེབས་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་སྤྲོ་སྤེལ་ལེ་ཚན་འཁྲབ་སྟོན་བྱེད་སྐབས། རྒྱལ་ཁབ་ལུས་རྩལ་ར་བ་སྟེ་བྱིའུ་ཚང་གི་བར་སྣང་དུ་མཚོ་སྔོན་ཡུལ་ཤུལ་ནས་ཡིན་པའི་བོད་རིགས་ཀྱི་གཞས་པ་སྒོམ་པ་དང་པ་ཡ་གཉིས་ཀྱིས་བླངས་པའི་བོད་སྐད་ཀྱི་གླུ་གཞས་༼འཕུར་༽ཞེས་སྒྲ་དབྱངས་གྲགས་པ་དང་། རྗེས་སུ་གླུ་གཞས་དེ་རྒྱལ་ཁབ་མང་པོའི་སྐད་རིགས་མི་འདྲ་བའི་ཐོག་ནས་བསྒྱུར་བཟོ་བྱས་ཏེ། འཛམ་གླིང་ལ་རང་རྒྱལ་གྱི་བོད་རིགས་གླུ་གཞས་ཀྱི་ཡིད་དབང་འཕྲོག་ཤུགས་དང་ཀྲུང་གོས་མི་རིགས་ཁག་གི་རོལ་དབྱངས་རིག་གནས་ལ་སྲུང་སྐྱོབ་བྱེད་བཞིན་པ་ལེགས་པར་བསྟན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།