ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

པཎ་ཆེན་རིན་པོ་ཆེ་མཆོག་ནས་འགྲེམས་སྟོན་འདིར་གཟིགས་གནང་འདུག

སྤེལ་དུས 2022-11-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     ཉེ་ཆར།  རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན།  ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན།  ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་པེ་ཅིང་འགྲེམས་སྟོན་ཁང་དུ་ཕེབས་ཏེ།  “དུས་རབས་གསར་པར་འབད་པས་བསྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་གནང་ཡོད།

     “དུས་རབས་གསར་པར་འབད་པས་བསྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་གྲུབ་འབྲས་རླབས་པོ་ཆེ་དང་འཕོ་འགྱུར་རླབས་པོ་ཆེ་གཙོ་བོར་བྱས་ཡོད་པ་དང་། གླེང་གཞིའི་ཚོམས་ཆེན་དང་། ཀྲུང་དབྱང་གི་ཕྱོགས་བསྡུས་འགྲེམས་ཁུལ། ས་གནས་ཀྱི་འགྲེམས་ཁུལ་སོགས་འགྲེམས་ཁུལ་ཁག་6བཙུགས་ཡོད་ཅིང་། རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི་3ལྷག་ཟིན་ཡོད། 
     ཀྲུང་དབྱང་གི་ཕྱོགས་བསྡུས་འགྲེམས་ཁུལ་དུ་ཀྲུང་གོའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས། ཚན་རྩལ་སོགས་ཆ་ཕྱོགས་ཡོངས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་ཡོད་པ་དང་། པཎ་ཆེན་རིན་པོ་ཆེས་ཞིབ་པར་གཟིགས་པ་དང་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་ཞུས་པར་ནན་ཏན་ངང་གསན་ཡོད།  ཁོང་ནས་ལོ་བཅུའི་རིང་གི་ཚན་རྩལ་གོང་འཕེལ་གྱི་གྲུབ་འབྲས་ལ་ཐུགས་སྣང་ཆེན་པོ་མཛད་ཀྱི་ཡོད་ཅིང་། གཟིགས་སྐོར་གནང་ཞོར་དུ་གསལ་འགྲེལ་ཞུ་མཁན་ལ་ཟླ་བའི་གོ་ལ་ལས་བླངས་པའི་ས་རྒྱུར་ཁེ་ག་ཚོད་ཡོད་མེད་དང་། རྒྱང་སྐྱོད་ཨང་ལྔ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་དཔེ་དབྱིབས་དང་དངོས་པོའི་བསྡུར་ཚད་གང་འདྲ་ཡིན་མིན། ནུས་གསོག་སྒྲིག་ཆས་གསར་པར་རང་བརྟེན་གསར་གཏོད་ཀྱི་ལག་རྩལ་གང་དག་ཡོད་མེད་སོགས་ཀྱི་ཐད་བཀའ་འདྲི་གནང་བ་རེད། 
     ས་གནས་ཀྱི་འགྲེམས་ཁུལ་དུ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་ཁག་དང་། ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་བཅས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་ལོ་བཅུའི་གོང་འཕེལ་གྱི་གྲུབ་འབྲས་འགྲེམས་སྟོན་བྱས་ཡོད། བོད་ལྗོངས་ཀྱི་འགྲེམས་ཁུལ་དུ་པར་རིས་མང་པོའི་ལམ་ནས་དུས་རབས་གསར་པའི་བོད་ལྗོངས་ཀྱི་འགྲིམ་འགྲུལ་དྲ་རྒྱ་དང་། ནུས་རྒྱུའི་མ་ལག འགན་སྲུང་རང་བཞིན་གྱི་སྡོད་ཁང་། སྨན་བཅོས། རིག་གནས། སློབ་གསོ། འབྱུང་ཁམས་སྲུང་སྐྱོང་སོགས་ཕྱོགས་མང་པོའི་ཐད་ཀྱི་གྲུབ་འབྲས་དང་འཕོ་འགྱུར། དེ་བཞིན་མི་རིགས་ཁག་གི་མང་ཚོགས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་རོགས་སྐྲུན་བྱས་པའི“སེམས་འབྲེལ་ཟམ་པ”དང་སྔོ་ཚལ་འདེབས་འཛུགས་རྟེན་གཞི་སོགས་དམངས་ཕན་རྣམ་གྲངས་འགྲེམས་སྟོན་བྱས་ཡོད།

     པཎ་ཆེན་རིན་པོ་ཆེར་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས། གལ་ཏེ་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་མེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མེད་ཚེ། རི་བོ་མཐོ་ཞིང་ལམ་ཐག་རིང་བ་དང་། གནམ་གཤིས་ངན་པའི་བོད་ལྗོངས་སུ་ལོ་ངོ་བརྒྱ་ལྷག་ཙམ་གྱི་དུས་ཚོད་བརྒྱུད་རུང་གོང་འཕེལ་གྱི་གྲུབ་འབྲས་འདི་ལྟ་བུ་ཐོབ་པར་དཀའ་ཞེས་གསུངས་གནང་བ་རེད། ཉེ་ལམ་ལོ་ཤས་རིང་།  ཁོང་ཕེབས་མྱོང་བའི་བོད་ལྗོངས་ཀྱི་ས་ཆ་ཁ་ཤས་སུ་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པ་དང་། སྤྱི་ལེ་བརྒྱ་ལྷག་ཙམ་གྱི་སར་གཞི་ནས་ཁྱིམ་ཚང་གཅིག་ལས་མཐོང་རྒྱུ་མེད་ཀྱང་ཆུ་དང་། གློག དྲ་བ་བཅས་རྒྱུན་ལྡན་ལྟར་ཤར་གཏོང་ཐུབ་ཡོད་པ་དང་འཚོ་བའི་དངོས་ཟོག་ལ་འགན་ལེན་ཡག་པོ་བྱུང་ཡོད། གཞི་རིམ་གྱི་གྲོང་གསེབ་ཏུ་དངོས་པོ་གཉིས་རྒྱུན་དུ་མཐོང་རྒྱུ་ཡོད་ལ་བག་ཆགས་ཀྱང་ཟབ་ཤོས་ཡིན་ཏེ། གཅིག་ནི་སྐར་ལྔའི་དར་དམར་ཡིན་པ་དང་། གཅིག་ཤོས་ནི་མང་ཚོགས་ཀྱི་སེམས་གཏིང་ལས་འཕྱུར་བའི་འཛུམ་མདངས་རེད། སྐར་ལྔའི་དར་དམར་གྱིས་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་ལ་བཅངས་བའི་དགའ་ཞེན་དང་། ཀྲུང་གོ་གུང་ཁྲན་ཏང་ལ་བརྩི་བཀུར། མི་དམངས་ཀྱི་གཙོ་འཛིན་ལ་བཅངས་བའི་གུས་བཀུར་བཅས་མཚོན་པ་དང་། འཛུམ་མདངས་ལས་དུས་རབས་གསར་པའི་ལོ་བཅུའི་རིང་གི་མི་རིགས་ཁག་གི་མང་ཚོགས་ཚོའི་ཐོབ་ཚོར་དང་སྐྱིད་ཚོར་གང་ལེགས་མངོན་གྱི་ཡོད།

     པཎ་ཆེན་རིན་པོ་ཆེ་མཆོག་གིས། དུས་རབས་གསར་པའི་ལོ་བཅུའི་ཆ་ཕྱོགས་ཡོངས་ཀྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་རྒྱང་སྐྱོད་གཞི་ནས་བདེ་བླག་ངང་བྱེད་ཐུབ་པ་ར་སྤྲོད་བྱས་ཡོད་ཅེས་བསྟན་འདུག པཎ་ཆེན་རིན་པོ་ཆེ་མཆོག་ནས། ང་ནི་དུས་རབས་གསར་པའི་ལོ་བཅུའི་གོང་འཕེལ་ལོ་རྒྱུས་ཀྱི་དཔང་པོ་ཞིག་ཡིན་ལ་ཐེ་ཞུགས་པ་ཞིག་ཀྱང་ཡིན་པས། དེ་བས་ཀྱང་ཀྲུང་གོའི་མི་དམངས་ཀྱི་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་ཡག་པོ་བྱེད་པ་དང་། ཀྲུང་གོའི་བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ཀྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་ཡོད་ཅེས་བསྟན་འདུག
རྩོམ་སྒྲིག་པ། བདེ་སྒྲོན།