ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀྲུང་གོའི་སེམས་པ་མཉམ་དུ་སྲུང་། ཀྲུང་ཧྭའི་བླ་སྲོག་མཉམ་དུ་གཏོད།

སྤེལ་དུས 2022-11-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
—མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་དགེ་སློབ་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱས་པ།
      ཉིན་ཤས་བསྟུད་མར། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོས་བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་དང་།  ཡུལ་དངོས་ཀྱི་སློབ་ཁྲིད།  དགེ་སློབ་ཀྱི་གྲོས་བསྡུར།  སློབ་སྦྱོང་ལྡུམ་ར།  ཆེད་མཁས་པའི་སློབ་ཁྲིད་སོགས་ཀྱི་རྣམ་པའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་།  རྒྱ་ཆེའི་ཡོངས་འཛིན་དང་དགེ་འདུན་པ་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་ལྟེ་བའི་དོན་སྙིང་དང་བླང་བྱ་གལ་ཆེན་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་ཤེས་རྟོགས་བྱེད་པར་སྤྲོ་བ་ཆེན་པོ་བྱུང་ཞིང་།  ཚང་མས།  ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནི་ཏང་གིས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྔར་བས་བདེ་སྐྱིད་ལྡན་ལ་ཕུན་སུམ་ཚོགས་པའི་འཚོ་བ་གཏོད་པའི་བརྗིད་རྔམ་ལྡན་པའི་ཁས་ལེན་ཞིག་རེད། དུས་རབས་གསར་པས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་འབོད་སྐུལ་བྱེད་བཞིན་ཡོད་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།
      “རབ་ཏུ་བྱུང་ཡང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་དམིགས་ཏེ་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་དོན་སྒྲུབ་དགོས”

མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་སྐབས་དང་པོའི་སློབ་མཐར་ཕྱིན་པའི་འཛིན་གྲྭའི་སློབ་མ་བན་ཐང་ཚང་བློ་བཟང་རྒྱ་མཚོ།

      བན་ཐང་ཚང་བློ་བཟང་རྒྱ་མཚོ་ནི་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་སྐབས་དང་པོའི་སློབ་མཐར་ཕྱིན་པའི་འཛིན་གྲྭའི་སློབ་མ་དང་མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་ལྟུང་བཤགས་བཀྲ་ཤིས་ཆོས་གླིང་དགོན་པའི་སྤྲུལ་སྐུ་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་པའི་དུས་འདིར། བན་ཐང་ཚང་དང་ཁོང་བཞུགས་སའི་དགོན་པའི་དགེ་འདུན་པ་ཡོངས་ཀྱིས་ཚོགས་ཆེན་གྱི་ཐད་གཏོང་གི་གཟབ་རྒྱས་གནས་ཚུལ་ལ་གཟིགས་པ་རེད། ཁོང་གིས“ཞོགས་པ་སྔ་མོ་ནས་ང་དང་དགེ་འདུན་པ་ཡོངས་ཀྱིས་དགོན་པའི་ནང་རྒྱལ་དར་བསྒྲེངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་ཡིན། བརྙན་འཕྲིན་མདུན་དུ་ཁུ་སིམ་མེར་ཚོགས་ཆེན་འཚོག་རྒྱུར་སྒུག་སྡོད་པའི་སྐབས། གློ་བུར་དུ་བརྗོད་མི་ཤེས་པའི་སྤྲོ་བ་ཞིག་རབ་ཏུ་འཕེལ་བྱུང་། དེ་དུས་ངའི་བསམ་པར་རྒྱལ་ཡོངས་མི་དམངས་ཚང་མར་ང་དང་འདྲ་བའི་དགའ་སྣང་འདི་འདྲ་ཡོད་ངེས་རེད་སྙམ་བྱུང”ཅེས་གསུངས། བན་ཐང་ཚང་གིས་སྙན་སྒྲོན་ནང་གི“ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས”ཞེས་པའི་ནང་དོན་ཁ་ཤས་ལ་སློབ་སྦྱོང་ནན་ཏན་བྱས་རྗེས། “མུ་མཐུད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ། ཏང་གི་འགོ་ཁྲིད་ལ་སྔར་བས་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་། དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དུས་ནམ་ཡང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས། ཀྲུང་ཧྭའི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་མྱོང་བ་ཟབ་མོས་གསུངས་པ་རེད།
      “ཏང་གི་ཆོས་དད་རང་མོས་སྲིད་ཇུས་དངོས་འབྲེལ་གཞི་རིམ་དང་མི་སྒེར་ལ་དོན་འཁྱོལ་ཐུབ་ཡོད”

མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི2019ལོའི་བཟོ་རིག་འཛིན་གྲྭའི་སློབ་མ་བྱམས་པ་ཚུལ་ཁྲིམས།
          བྱམས་པ་ཚུལ་ཁྲིམས་ནི་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི2019ལོའི་འཛིན་གྲྭའི་སློབ་མ་དང་ཡུས་ཧྲུའུ་ཁུལ་འབྲི་སྟོད་རྫོང་དགོན་གསར་དགོན་གྱི་དགེ་འདུན་པ་ཡིན།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་སྐོར་གླེང་སྐབས་ཁོང་གིས“ལོ་བཅུའི་རིང་ང་ཚོ་ཡུས་ཧྲུའུ་ཡིས་ས་གནས་ཁག་དང་དགོན་སྡེ་ཚང་མར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཕྱིན་ཡོད། དེ་སྔ་དགོན་སྡེར་གློག་མེད་ལ་ལམ་ཡང་ཤར་གཏོང་ཐུབ་མེད།  ད་ཆ་སྣུམ་ནག་གཞུང་ལམ་དང་རྒྱལ་ཁབ་གློག་དྲ་ཤར་གཏོང་ཐུབ་ཡོད། དགེ་འདུན་པ་ཚོའི་གཞི་རྩའི་འཚོ་བ་འགན་ལེན་དང་སྨན་བཅོས་འགན་བཅོལ་གྱི་ཐོབ་ཆ་ཧ་ཅང་ཆ་ཚང་པོ་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་དགོན་སྡེ་དང་དགེ་འདུན་པ་ཚོའི་སྒོམ་སྒྲུབ་དང་སློབ་སྦྱོང་ཐད་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་གནང་བས་ང་ཚོས་དུས་རབས་ཀྱི་རྗེས་ཟིན་ཐུབ་པ་བྱུང་ཡོད”ཅེས་གསུངས་པ་དང་།  ཁོང་གིས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ“2019ལོར་ནང་བསྟན་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པ་ནས་བཟུང་ངས་སློབ་སྦྱོང་གི་ཆ་རྐྱེན་དང་སློབ་གཉེར་གྱི་ཆུ་ཚད་རྩེ་གྲ་མྱོང་ཚོར་ཐུབ་བྱུང་ལ། ཏང་དང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་ཐུགས་ཁུར་དང་རེ་བ་བཅོལ་ལུགས་ཀྱང་མྱོང་ཚོར་ཐུབ་བྱུང་། ངས་ནང་བསྟན་གྱི་ཤེས་བྱ་གསར་པ་མང་པོ་སྦྱངས་པ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཤེས་པ་མ་ཟད། ད་དུང་བཅའ་ཁྲིམས་ཁྲིམས་སྲོལ་དང་། དེང་རབས་ཀྱི་མཛེས་རྩལ་དང་སྲོལ་རྒྱུན་ཐང་ག་བཞེངས་སྟངས། མེ་ཏོག་མཆོད་པ་བཞེངས་སྟངས་སོགས་ཀྱི་རྩལ་ནུས་ཀྱང་སྦྱངས་པས། དགོན་པར་སྦྱོང་འདོད་ཀྱང་སྦྱོང་དཀའ་བའི་ཤེས་བྱ་མང་པོ་ཁོང་དུ་ཆུད་སོང་བས། ངས་དགའ་འོས་པའི་བྱ་བ་དེ་དག་མི་ཚང་མར་ཤོད་རྒྱུ་ཡིན”ཞེས་གསུངས་པ་རེད།
      “བོད་བརྒྱུད་ནང་བསྟན་ལ་རང་གིས་རང་ལ་སྒྱུར་བཅོས་བྱེད་པའི་བློ་སྟོབས་དང་འགན་འཁྲི་ཡོད་དགོས”

མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་མཐོ་རིམ་ཡོངས་འཛིན་དཀོན་མཆོག་འཕྲིན་ལས།
          དཀོན་མཆོག་འཕྲིན་ལས་ནི་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་མཐོ་རིམ་ཡོངས་འཛིན་དང་། མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་ལྕམ་མདའ་དགོན་དམངས་གཉེར་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། དགོན་སྡེའི་ཡོངས་འཛིན་བཅས་ཡིན། ཁོང་གིས“ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། འབྲོག་ཁུལ་གྱི་འཚོ་བར་དགའ་བ་སྐྱེ་འོས་པའི་འགྱུར་ལྡོག་བྱུང་ཞིང་། དབུལ་བྲལ་འགག་སྒྲོལ་དང་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་སུ་སྔོན་ཆད་བསམ་མི་ཕོད་པའི་གྲུབ་འབྲས་ཐོབ་ཡོད། དུས་རབས་གསར་པའི་ཀྲུང་གོ་བ་ཞིག་ཡིན་པའི་ངོས་ནས་ངར་སྤོབས་སེམས་ཆེན་པོ་སྐྱེ་བཞིན་འདུག”ཅེས་གསུངས་པ་རེད། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་གི་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཞིབ་ཀློག་ཡང་ཡང་གནང་བ་མ་ཟད། དགེ་འདུན་པ་ཚོར“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘ཏང་གི་རང་ངོས་གསར་བརྗེར་ནམ་ཡང་ཚར་དུས་མེད’ཅེས་གསུངས་ཡོད། བོད་བརྒྱུད་ནང་བསྟན་གྱིས་ཀྱང་དགེ་བ་ཕུན་སུམ་ཚོགས་པའི་རང་ངོས་སྒྱུར་བཅོས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ། སངས་རྒྱས་ཀྱི་བཀའ་ལུང་ཁྲོད་སྤྱི་ཚོགས་ཞི་མཐུན་དང་། རྒྱལ་ཁབ་བརྗིད་ཉམས། འགྲོ་བར་ཕན་པ་བཅས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་དང་། ལེགས་སྒྲིག་གསལ་འགྲེལ།  དར་སྤེལ་ཧུར་ཐག་བཅས་བྱེད་པ་ནི་ཚད་དང་མཐུན་པའི་དགེ་འདུན་པ་ཚང་མས་འདོན་སྤེལ་བྱེད་དགོས་པའི་ནུས་པ་ཞིག་རེད”ཅེས་གསུངས་པ་རེད།
          “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་མདུན་སྐྱོད་ལམ་བུའི་ཐོག་མི་རིགས་གཅིག་ཀྱང་ལུས་མི་རུང་།”

མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི2021ལོའི་འཛིན་གྲྭའི་སློབ་མ་བློ་བཟང་བཀྲ་ཤིས་རྒྱ་མཚོ།
          བློ་བཟང་བཀྲ་ཤིས་རྒྱ་མཚོ་ནི་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི2021ལོའི་འཛིན་གྲྭའི་སློབ་མ་དང་མཚོ་བྱང་ཁུལ་མདའ་བཞི་རྫོང་ཞབས་དྲུང་སྒར་ཐོག་དགོན་གྱི་སྤྲུལ་སྐུ་ཡིན། ཁོང་གིས་དགོན་སྡེ་དང་ནང་བསྟན་སློབ་གྲྭ་ཆེན་མོ་རུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པར་ཞུགས་ཤིང་། ཁོང་གིས།  ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་སློབ་སྦྱོང་བྱས་རྗེས་ངའི་བློ་ངོར2021ལོའི་ཟླ6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བྱང་ཁུལ་དུ་བརྟག་ཞིབ་གནང་སྐབས་ཀྱི་བརྗེད་པར་དཀའ་བའི་གནས་ཚུལ་དབང་མེད་དུ་དྲན་བྱུང་སྟེ།  “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་མི་སེར་ཚོས་ཀྲུང་གོའི་གུང་ཁྲན་ཏང་ལ་སྙིང་ཐག་པ་ནས་བརྩི་བཀུར་ཞུ་དོན་ཅི་ཡིན་ཞེས་དཀའ་འདྲི་གནང་བར།  ངས་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་ནས་མི་རིགས་ཁག་ལ་བདེ་སྐྱིད་སྐྲུན་གྱི་ཡོད་པས་རེད་ཅེས་ལན་ཕུལ་བ་ཡིན། ཐེངས་འདིའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་རིང་ང་ཚོར་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་པས།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་མོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ནས་སེམས་པ་གཅིག་མཐུན་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པའི་ནན་བཤད་གནང་སོང་།  རྒྱལ་གཅེས་ཆོས་གཅེས་ཀྱི་དགེ་འདུན་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ཏེ། རང་ཉིད་ཀྱིས་དེ་བས་གདེང་ཚོད་དང་ཆོད་སེམས་ཡོད་པའི་སྒོ་ནས་མཚོ་བྱང་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མི་དམངས་བདེ་སྐྱིད་ཁམས་བཟང་ལ་སྐུལ་འདེད་གཏོང་བའི་བྱ་གཞག་ཁག་ནང་ཞུགས་ནས། ཆོས་ལུགས་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་མི་རིགས་ཁག་གི་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་བྱས་ཏེ། ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་བའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུ་ཡིན”ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།