ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མ་འཇོག་སྒོར་དུང་ཕྱུར61.78ཟིན་པའི་རྣམ་གྲངས་འདི་ལས་འགོ་ཚུགས་འདུག

སྤེལ་དུས 2022-11-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        ལྷ་ས་གྲོང་ཁྱེར་གྱི“ལྟེ་གནས་གཅིག་དང་གཤོག་པ་གཉིས”འཕེལ་རྒྱས་འཆར་འགོད་ལས་ཤར་ངོས་ཀྱི་གཤོག་པ་ལྟ་བུའི་སྟག་རྩེ་ཡེར་པའི་ལུས་གསོའི་གྲོང་རྡལ་ཆུང་ངུའི་འཛུགས་སྐྲུན་རྣམ་གྲངས་དེ་མིག་སྔར་རིམ་བཞིན་གོ་རིམ་ལྡན་པའི་ངང་ཨར་སྐྲུན་སླར་གསོ་བྱེད་བཞིན་འདུག

སྟག་རྩེ་ཡེར་པའི་ལུས་གསོའི་གྲོང་རྡལ་ཆུང་ངུའི་འཆར་འགོད་དཔེ་རིས།
        གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན།  ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འབྲོམ་ཐོད་ཤང་ཡེར་པ་གྲོང་ཚོའི་སྟག་རྩེ་ཡེར་པའི་ལུས་གསོའི་གྲོང་རྡལ་ཆུང་ངུའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཨར་སྐྲུན་བྱ་ཡུལ་དུ་ཨར་སྐྲུན་པ་ཚོས་གོ་རིམ་ལྡན་པའི་ངང་ལས་ལ་གཞོལ་བཞིན་འདུག་ཅིང་།  རླངས་འཁོར་དག་ཕར་འགྲོ་ཚུར་འོང་བྱེད་པ་དང་། གང་སར་འཕྲུལ་འཁོར་གྱི་སྒྲས་ཁེངས་བཞིན་ཨར་ལས་བྲེལ་བཞིན་འདུག
        དེ་གར་བྱང་ཕྱོགས་ཁུལ་གྱི་གྲོང་སྲིད་བགྲོད་ལམ་ཁག7སྐྲུན་བཞིན་ཡོད་པ་དང་། ད་ཆ་བྱང་ཕྱོགས་ཁུལ་གྱི་གྲོང་སྲིད་གཞུང་ལམ་ཨར་ལས་ཀྱི30%ལེགས་འགྲུབ་ཟིན་ཞིང་།སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་ཏུ་ལམ་གདན་ཧྲིལ་པོ་བཏིང་ནས་སང་ལོར་ལམ་ངོས་འདིང་རྒྱུ་ཡིན་པ་རེད།  
        མིག་སྔར་རྣམ་གྲངས་འདིའི་ཨར་ལས་ཀྱི་སྤྱིའི་མི་འབོར110ཟིན་པ་དང་། ཨར་ལས་འཕྲུལ་ཆས106ཡོད་ལ།  རྣམ་གྲངས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་ས་གནས་དེ་གའི་ཞིང་འབྲོག་ལས་མི་དང་།  ལས་གྲྭའི་འཕྲུལ་ཆས།  སྐྱེལ་འདྲེན་རླངས་འཁོར་བཅས་འབོར་ཆེན་སྤྱད་དེ་སྔོན་དཔག་བྱས་ན་ས་གནས་དེ་གའི་ཞིང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར2.7ཙམ་གཏོད་རྒྱུ་རེད།

སྟག་རྩེ་ཡེར་པའི་ལུས་གསོའི་གྲོང་རྡལ་ཆུང་ངུའི་འཆར་འགོད་དཔེ་རིས།
        སྟག་རྩེ་ཡེར་པའི་ལུས་གསོའི་གྲོང་རྡལ་ཆུང་ངུའི་འཛུགས་སྐྲུན་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར61.78བཏང་ནས།དེའི་ཕུན་སུམ་ཚོགས་པའི་ལུས་གསོ་དང་།  རིག་གནས་ཡུལ་སྐོར།  དམངས་འཚོའི་ཐོན་རྫས།  འཐུས་སྒོ་ཚང་བའི་རྨང་གཞིའི་སྒྲིག་བཀོད།  གཅིག་སྡུད་ཀྱི་ཐོན་ཁུངས་གལ་ཆེན་བཅས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་ཏེ།  དེའི་ཉེ་འཁོར་དུ་གནས་པའི་སྟག་རྩེ་ཆུས་ཡེར་པ་གྲོང་ཚོ་དང་གླང་ར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་སྐུལ་ཁྲིད་ཀྱིས་གྲོང་གསེབ་ཀྱི་དཔལ་འབྱོར་ཡོང་འབབ་མང་དུ་གཏོང་རྒྱུ་མ་ཟད་གྲོང་མིའི་ལས་ཞུགས་ཀྱང་ཐག་གཅོད་བྱ་རྒྱུ་རེད།

སྟག་རྩེ་ཡེར་པའི་ལུས་གསོའི་གྲོང་རྡལ་ཆུང་ངུའི་འཆར་འགོད་དཔེ་རིས།
        རྣམ་གྲངས་དེ་ལེགས་འགྲུབ་བྱུང་རྗེས་སུ་ཀ་པ་རིམ་པ4པའི་བོད་ལུགས་གསོ་རིག་དང་བོད་སྨན་ལུས་གསོ་ཁང་དང་།  རིག་གནས་ཡུལ་སྐོར།  སྐྱེ་ཁམས་གླིང་བཅས་གཙོ་གནད་ཐོག་གཏོད་རྒྱུ་ཡིན་ཞིང་།  སྔོན་དཔག་བྱས་ན་ལོ་རེར་ཡུལ་སྐོར་བའི་བསྡོམས་འབོར་མི་ཐེངས་ཁྲི200ལ་སླེབས་ནས་ལོའི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར2ཙམ་ཟིན་རྒྱུ་དང་།  ས་གནས་དེའིGDPཐད་མ་འཇོག་སྒོར་དུང་ཕྱུར150བྱ་རྒྱུར་སྐུལ་ཁྲིད་བྱས་ཏེ་ལས་གནས་སྣ་ཚོགས་ཁྲི1.5མཁོ་འདོན་ཐུབ་རྒྱུ་མ་ཟད།  གྲོང་གསེབ་དར་རྒྱས་དང་ལུས་གསོ་རིག་གནས་ཡུལ་སྐོར་གྱི་གྲོང་རྡལ་ཆུང་ངུ་འཁོར་རྒྱུག་བཟང་པོའི་ངང་འཕེལ་རྒྱས་ཀྱང་ཡོང་རྒྱུ་རེད།
རྩོམ་སྒྲིག་པ། སྣང་རྡོར།