2022ལོའི་ཁ་ཐར་འཛམ་གླིང་བུམ་པའི་འགྲན་བསྡུར་དེ་ཚེས20ཉིན་འགོ་ཚུགས་པ་དང་། ངོ་མཚར་ཆེ་ལ་ཛ་དྲག་ཆེ་བའི་འགྲན་བསྡུར་ཕུད། འཛམ་གླིང་བུམ་པའི་བྱ་དགའི་དངུལ་བགོ་འགྲེམས་ལ་ཡང་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། སྐབས་འདིའི་ཁ་ཐར་འཛམ་གླིང་བུམ་པའི་བྱ་དགའི་དངུལ་གྱི་བསྡོམས་འབོར་དེ་ཨ་སྒོར་དུང་ཕྱུར4.4ལས་བརྒལ་ནས་ཟིན་ཐོ་གསར་པ་བཏོད་ཡོད། བྱ་དགའ་དེ་དག་ཇི་ལྟར་བགོ་བཤའ་རྒྱག་དགོས་སམ།
འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མཁན་ལ་བྱ་དགའི་དངུལ་ཨ་སྒོར་ཁྲི4200ཐོབ་ཀྱི་ཡོད། དེ་བགོ་བཤའ་ཇི་ལྟར་རྒྱག་རྒྱུ་ཡིན་ནམ།
རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཁོ་འདོན་བྱས་པའི་ཨ་སྒོར་དུང་ཕྱུར4.4ཟིན་པའི་སྤྱིའི་བྱ་དགའི་དངུལ་ལ་དོ་སྣང་ཆེ་ཤོས་བྱེད་པ་ནི་བྱ་དགའ་ཨང་དང་པོ་དེ་ཡིན་པ་རེད། སྐབས་འདིའི་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་མཁན་ལ་ཨ་སྒོར་ཁྲི4200ཟིན་པ་དེ་སྐབས་གོང་མ་ལས་ཨ་སྒོར་ཁྲི400མང་དུ་སོང་ཡོད།
ཨང་དང་པོ་ཕུད་གཞན་པའི་ཨང་གྲངས་ལ་ཡང་བྱ་དགའ་ཧ་ཅང་མང་པོ་ཡོད། ཨང་གཉིས་པར་བྱ་དགའ་ཨ་སྒོར་ཁྲི3000དང་། ཨང་གསུམ་པར་བྱ་དགའ་ཨ་སྒོར་ཁྲི2700དང་། ཨང་བཞི་པར་བྱ་དགའ་ཨ་སྒོར་ཁྲི2500བཅས་ཡོད། བྱ་དགའ་འདི་དག་ནི2006ལོའི་ཨང་དང་པོའི་བྱ་དགའ་ལས་མང་བ་ཡོད།
ཚོགས་ཆུང་འགྲན་བསྡུར་གྱི་ནང་དུ་མ་ཚུད་པའི་རུ་ཁག་ལ་ཡང་ཨ་སྒོར་ཁྲི900ཡི་བྱ་དགའ་ཐོབ་ཀྱི་ཡོད། ཕྱོགས་གཞན་ཞིག་གི་ངོས་ནས་བརྗོད་ན། སྐབས་འདིའི་བུམ་པའི་འགྲན་བསྡུར་ནང་ཞུགས་ཐུབ་ཚེ། སྤོ་ལོའི་རུ་ཁག་གི་ཡོང་འབབ2002ལོའི་ཨང་དང་པོ་ལས་བརྒལ་གྱི་ཡོད།
གཞན་ཡང་འགྲན་བསྡུར་ནང་ཞུགས་མཁན་སྤོ་ལོའི་རུ་ཁག་ཁག་ལ་འགྲན་བསྡུར་མ་བྱས་གོང་ཨ་སྒོར་ཁྲི15རགས་ནས་འགྲན་བསྡུར་མ་བྱས་གོང་གི་འགྲོ་གྲོན་དུ་བརྩི་གི་ཡོད།
ཉིན་གྲངས་བཞིན་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤོ་ལོ་བའི་ཕན་ནུས་སྤྲོ་སྐྱིད་ཁང་ལ་ཁ་གསབ་སྤྲོད་རྒྱུ་རེད།
སྐབས་འདིའི་འཛམ་གླིང་བུམ་པའི་འགྲན་བསྡུར་དེ་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་ནས་མཐའ་མའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བར་ལོ་གཉིས་ཙམ་འགོར་གྱི་ཡོད། འགྲན་བསྡུར་བྱེད་རིང་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་མང་པོ་ཞིག་དང་འགྲན་བསྡུར་བྱེད་ཀྱི་ཡོད། སྤོ་ལོ་བ་རྣམས་ཐག་རིང་གི་ས་ཆ་མང་པོར་བསྐྱོད་དགོས་པས་འགྲན་བསྡུར་ཡོད་ཚད་ལ་ཞུགས་ཐུབ་ཀྱི་མེད། རྐང་རྩེད་སྤོ་ལོའི་རོལ་རྩེད་ཁང་ཁག་དབར་གྱི་འབྲེལ་བར་སྲུང་སྐྱོང་བྱ་ཆེད། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས2010ལོའི་ལྷོ་ཨ་ཧྥེ་རི་ཁའི་འཛམ་གླིང་བུམ་པའི་འགྲན་བསྡུར་ནས་བཟུང་། “རོལ་རྩེད་ཁང་ལ་ཕན་འདོགས་པའི་འཆར་གཞིའི”ཐོག་ནས་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་རུ་མི་གནས་སའི་རོལ་རྩེད་ཁང་ལ་ཁ་གསབ་སྤྲོད་ཀྱི་ཡོད། སྐབས་འདིའི་བུམ་པའི་འགྲན་བསྡུར་ནང“རོལ་རྩེད་ཁང་ལ་ཕན་འདོགས་པའི་འཆར་གཞིའི”ཁ་གསབ་དངུལ་གྲངས་ཨ་སྒོར་དུང་ཕྱུར2.09ཟིན་རྒྱུ་རེད།

རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ངོ་སྤྲོད་བྱས་དོན། ཁ་གསབ་ནི་རུ་མི་ཚོས་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་ཞུགས་པའི་དུས་ཚོད་རིང་ཐུང་དང་ཉིན་གྲངས་གཞིར་བཟུང་ནས་རྩིས་རྒྱག་རྒྱུ་དང་། རུ་མི་རེས་ཉིན་ལྟར་རང་ཉིད་ཀྱི་རོལ་རྩེད་ཁང་ལ་ཨ་སྒོར་ཁྲི1གི་ཁ་གསབ་བརྩོན་ལེན་བྱེད་པ་དང་མཐའ་བསྡུར་ནང་ཞུགས་པའི་རུ་ཁག་གཉིས་ཀྱི་རུ་མི་མི་རེས་རང་ཉིད་ཀྱི་རོལ་རྩེད་ཁང་ལ་ཨ་སྒོར་ཁྲི37གྱི་ཁ་གསབ་བརྩོན་ལེན་བྱེད་དགོས།
རྐང་རྩེད་སྤོ་ལོའི་མཐུན་ཚོགས་སོ་སོས་རང་ཉིད་ཀྱི་སྤོ་ལོ་བ་ཚོར་བྱ་དགའི་དངུལ་བགོ་གི་ཡོད།
སྤོ་ལོ་རྒྱག་མཁན་མི་རེ་ངོ་རེར་བྱ་དགའི་དངུལ་ག་ཚོད་སྤྲོད་ཐུབ་མིན་དེ་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བརྗོད་ན། རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་རང་བདག་ངང་ཐག་གཅོད་བྱེད་ཀྱི་ཡོད།
འཇར་མན་གྱི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས། གལ་སྲིད་འཇར་མན་རུ་ཁག་གིས་ཚོགས་ཆུང་འགྲན་བསྡུར་ལས་རྒྱལ་མ་ཐུབ་ཚེ། རུ་མི་མི་རེ་ངོ་རེར་ཨ་སྒོར་ཁྲི5.2ཙམ་ལས་ཐོབ་ཀྱི་མེད་པ་དང་། རྩེ་གྲ་བརྒྱད་ཀྱི་ནང་ཚུད་ཚེ་བྱ་དགའ་དེ་ཨ་སྒོར་ཁྲི10.5ཙམ་ཟིན་གྱི་ཡོད་ལ། གལ་ཏེ་ཨང་དང་པོ་བླངས་ཚེ་མི་རེར་ཨ་སྒོར་ཁྲི41.4ཡི་བྱ་དགའ་ཐོབ་རྒྱུ་རེད་ཅེས་བཤད།
ཨོ་སི་ཁྲུ་ལི་ཡའི་རུ་ཁག་གི་རུ་མི་ཞིག་གི་ངོས་ནས་བརྗོད་ན། ཚོགས་ཆུང་འགྲན་བསྡུར་ནང་ཞུགས་ཚེ་མི་རེར་ཨ་སྒོར་ཁྲི15.1ཙམ་ཐོབ་ཀྱི་ཡོད། གལ་ཏེ་བླང་དོར་གྱི་འགྲན་བསྡུར་ནང་ཚུད་ཚེ་མི་རེར་ཨ་སྒོར་ཁྲི34.5ཙམ་ཐོབ་རྒྱུ་རེད།
རྩོམ་སྒྲིག་པ། བསྟན་ཆོས།