ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཡུལ་ཤུལ་དུ་འབྲི་གཡག་བརྐུས་པའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་འདུག

སྤེལ་དུས 2022-11-29 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
      གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཁྲི་འདུ་རྫོང་སྤྱི་བདེ་ཅུས་ཀྱིས་ས་ཁོངས་བརྒལ་ནས་ཕྱུགས་ཟོག་རྐུ་ཁྱེར་བྱས་པའི་གྱོད་གཞི་ཆེན་པོ་འགའ་ཞིག་བདེ་བླག་ངང་རྩད་ཆོད་ཡོད་དེ། གྱོད་གཞི་3རང་གིས་རྩད་ཆོད་ཅིང་། གྱོད་གཞི་3གཞན་གྱི་ཚབ་བྱས་ནས་རྩད་ཆོད་པ་དང་། ཉེས་བསགས་དོགས་ཡོད་མི་སྣ་4འཛིན་བཟུང་བྱས་པ། གྱོད་གཞི་སྒྲུབ་པའི་རླངས་འཁོར་2བཀག་ཉར་བྱས་པ་བཅས་ཀྱིས་མང་ཚོགས་ཀྱི་རྒྱུ་ནོར་གྱོང་གུན་སྒོར་ཁྲི་20ལྷག་ཚུར་བླངས་ཡོད།
      ངོ་སྤྲོད་བྱས་པ་ལྟར་ན། སྟོན་དགུན་དུས་ཚིགས་གཉིས་ནི་ཕྱུགས་ཟོག་རྐུ་ཁྱེར་སོགས་རྒྱུ་ནོར་ལ་བཙན་གནོད་པ་སྐྱེལ་བའི་གྱོད་གཞི་ཐོན་མང་བའི་སྒང་ཡིན། སྤྱི་ཟླ་10པའི་ཚེས་1ཉིན་གྱི་སྔ་དྲོའི་ཆུ་ཚོད་9པར། ཁྲི་འདུ་རྫོང་སྤྱི་བདེ་ཅུས་སུ་སྡོམ་མདའ་གྲོང་རྡལ་གྱི་འབྲོག་པ་ཞིག་གིས་རང་གི་ཕྱུགས་རའི་ནང་གི་འབྲི་གཡག་ལ་བརྐུ་ཤོར་འདུག་ཅེས་ཉེས་དོན་ཉེན་རྟོག་རུ་ཆེན་དུ་ཉེན་བརྡ་འབྱོར་རྗེས། དེ་མུར་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་སྡོམ་མདའ་གྲོང་རྡལ་དུ་བསྐྱོད་པ་དང་། སྡོམ་མདའ་མངགས་གཏོང་ཁང་དང་མཉམ་འབྲེལ་གྱིས་འདྲི་རྩད་རྟོག་ཞིབ་དང་། ནན་ཏན་ངང་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད། ཡུལ་དངོས་སུ་ཁུངས་སྣེ་གྲལ་བཤེར།  ལམ་རྒྱུད་དུ་རྗེས་སྙེག་སོགས་ཀྱི་བྱ་ཐབས་བརྒྱུད་མྱུལ་ཞིབ་ལས་དོན་བསྟུད་མར་སྤེལ་མཐར། ཉེས་བསགས་དོགས་ཡོད་མི་སྣ་4འཛིན་བཟུང་བྱས་པ་དང་། ཉེས་ཅན་པས་སྡོམ་མདའ་གྲོང་ནས་འབྲི་གཡག་3རྐུ་འཕྲོག་བྱས་པའི་ཁྲིམས་འགལ་ཉེས་དོན་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།

      མི་དམངས་ཉེན་རྟོག་པས་རྒྱུན་མཐུད་ངང་ལས་དོན་སྒྲུབ་པ་བརྒྱུད། གཞན་གྱི་ཚབ་ཏུ་ས་ཁོངས་བརྒལ་བའི་རྐུ་འཕྲོག་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་ཅིང་། ཉེས་བསགས་དོགས་ཡོད་མི་སྣ་བཞིས་ཞིང་ཆེན་ལས་སྒྲོལ་ནས་འབྲི་གཡག་མགོ་གྲངས་22རྐུ་འཕྲོག་བྱས་པའི་ཉེས་བསགས་དོན་དངོས་གཞན་པ་3ཡང་ཇི་མ་ཇི་བཞིན་དུ་ངོས་ལེན་ཞུས་པ་རེད། ཁྲི་འདུ་རྫོང་སྤྱི་བདེ་ཅུས་ཀྱིས་དེ་མུར་གྱོད་གཞིའི་གནས་ཚུལ་གོང་རིམ་སྡེ་ཁག་ལ་གོང་ཞུ་བྱས་པ་དང་། དུས་ཐོག་ཏུ་ས་གནས་དེ་གའི་ཉེན་རྟོག་ཕྱོགས་ལ་འབྲེལ་གཏུག་བྱས་ཏེ་གྱོད་གཞིའི་ཁུངས་སྣེ་འབྲེལ་ཡོད་སྟེགས་བུའི་སྟེང་བཀོད་པར་མ་ཟད། གྱོད་གཞིའི་གནས་ཚུལ་ལ་དབྱེ་ཞིབ་བྱེད་པའི་གྲོས་ཚོགས་ཐེངས་མང་འཚོགས་ནས། གྱོད་གཞི་རྩད་ཆོད་གྱི་རིགས་ལམ་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་དང་རྗེས་ཕྱོགས་ཀྱི་ལས་ཀའི་ཁ་ཕྱོགས་གཏན་འཁེལ་བྱས་པ་རེད།
      གྱོད་གཞིའི་ཁ་ཕྱོགས་རིམ་བཞིན་ཁ་གསལ་དུ་སོང་བ་དང་བསྟུན། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ལེ་བར་ཁྲི་ཕྲག་གི་དཀའ་ངལ་ལ་མ་འཛེམ་པར་སྤྱི་ལེ་3500ལྷག་བརྒལ་ནས་བོད་ལྗོངས་ནག་ཆུ་དང་། སྦྲ་ཆེན། སོག་རྫོང་། དཔལ་མགོན། ཨ་མདོ། ཆུ་ནག་ཁ་སོགས་ས་ཁུལ་དུ་བསྐྱོད་པ་དང་། རྒྱལ་ལམ་214དང་། 217 109 215 309བཅས་བརྒྱུད་ས་བབ་ཀྱི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་4600ནས་5700ཡོད་པའི་ས་ཁུལ་དུ་བརྟག་དཔྱད་དང་དཔང་རྟགས་བཙལ་ཏེ་མང་ཚོགས་ཀྱི་རྒྱུ་ནོར་གྱོང་གུན་སེལ་གང་ཐུབ་བྱས་ཡོད། དུས་འགོའི་མྱུལ་ཞིབ་ལས་དོན་འབོར་ཆེན་སྒྲུབ་པ་བརྒྱུད། མིག་སྔར། ཉེས་བསགས་དོགས་ཡོད་མི་སྣ་4སྟེ། ཐུབ་ཆེ་གེ་མོ་དང་། ཤེས་ཆེ་གེ་མོ། དགེ་ཆེ་གེ་མོ། དབང་ཆེ་གེ་མོ་བཅས་ལ་བཙན་ཤེད་བྱ་ཐབས་ལག་བསྟར་བྱས་པ་དང་གྱོད་གཞི་སྒྲུབ་བཞིན་པའི་སྒང་རེད།

      ཁྲི་འདུ་རྫོང་སྤྱི་བདེ་ཅུས་ཀྱིས་རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་དྲན་སྐུལ་ཞུ་དོན། ཕྱུགས་འཚོ་སྐབས་ཁྱིམ་དང་ཐག་རིང་བའི་རི་རྒོད་དུ་མི་བསྐྱུར་བ་དང་། མཚན་མོ་ཕྱུགས་རའི་སྒོ་ཡག་པོ་རྒྱག་པ། རྐུན་མར་རྐུ་ཁྱེར་གྱི་གོ་སྐབས་མི་སྤྲོད་པ། ཕྱུགས་འཚོའི་གོམས་གཤིས་ཡག་པོ་འཇགས་པ་བྱེད་པ། བསམ་བློའི་སྟེང་ནས་རྐུན་མར་དོགས་ཟོན་བྱེད་པའི་འདུ་ཤེས་མཐོ་རུ་གཏོང་བ། རང་ཁྱིམ་གྱི་ཕྱུགས་རིགས་ལ་རྐུན་མ་ཤོར་བ་ཤེས་རྗེས་འཕྲལ་མ་ཉིད་དུ་ཉེན་རྟོག་པར་སྙན་སེང་ཞུ་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།