ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་ལུས་རྩལ་པ་ཚོས་འགྲན་བསྡུར་ཁྲོད་ངོ་མཚར་བཏོད་འདུག

སྤེལ་དུས 2023-02-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     ཟླ་2པའི་ཚེས་4ཉིན། སྤྱི་ལོ་2023ལོའི་ཧར་པིན་རྒྱལ་ཡོངས་དགུན་དུས་ལྕགས་མི་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་དེ་ཧར་པིན་ཉི་མ་གླིང་ཕྲན་གྱི་གངས་འཁྱགས་ཐོན་ལས་འགྲེམ་སྟོན་ལྟེ་གནས་སུ་གཉེར་ཡོད་པ་དང་། བོད་ལྗོངས་ཀྱི་ལུས་རྩལ་པ་ཚོར་འགྲན་རྩོད་ཁྲོད་བྱ་དགའ་ཐོབ་ཡོད།
     ད་ཐེངས་ཀྱི་འགྲན་བསྡུར་གཉེར་ཡུལ་ཏེ་དགུན་དུས་ཉི་མ་གླིང་ཕྲན་གྱི་གངས་འཁྱགས་ཐོན་ལས་འགྲེམ་སྟོན་ལྟེ་གནས་ལ་གངས་འཁྱགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། འགྲན་ལམ་གྱི་ཆ་རྐྱེན་དང་གངས་འཁྱགས་རིག་གནས་སོགས་ཀྱི་ཐད་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད། འགྲན་བསྡུར་དེ་ཉི་མ་གླིང་ཕྲན་མཛེས་ལྗོངས་ཁུལ་གྱི་ས་ཁམས་ཀྱི་ཐོག་མའི་རྣམ་པ་སོག་བཞག་དང་ཡུལ་བབ་དང་བསྟུན་ནས་འགྲན་ལམ་འཆར་འགོད་དང་ཇུས་འགོད་བྱས་ཏེ། དོན་ངོ་མའི་ཐོག་ནས“མཛེས་ལྗོངས་ཁྲོད་ཀྱི་འགྲན་བསྡུར་དང་། འགྲན་སྡུར་ཁྲོད་ཀྱི་མཛེས་ལྗོངས”མངོན་འགྱུར་བྱུང་ཡོད།
     འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། ཧེ་ལུང་ཅང་དང་བོད་ལྗོངས་ཀྱིས་མཉམ་འབྲེལ་ཐོག་གསོ་སྐྱོང་བྱས་པའི་རྒྱལ་ཁབ་དགུན་དུས་ལྕགས་མི་རྣམ་གྲངས་གསུམ་གྱི་རུ་ཁག་གི་ལུས་རྩལ་པ་བྱམས་པ་ཆོས་རྒྱལ་གྱིས་སྐྱེས་པའི་ལོ་16ནས་29བར་གྱི་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་པ་དང་། ལི་ཁྲའོ་ཡིས་ཨང་གཉིས་པ་བླངས་པ། མིག་དམར་དོན་གྲུབ་ཀྱིས་ཨང་གསུམ་པ་བླངས་ཡོད།
     འགྲན་བསྡུར་མཇུག་འགྲིལ་རྗེས་བྱམས་པ་ཆོས་རྒྱལ་གྱིས་དེ་རིང་གནམ་གཤིས་ཡག་པོ་ཡོད་པ་མ་ཟད། འགྲན་ལམ་ཡང་ཧ་ཅང་ཡག་པོ་འདུག ཨང་དང་པོ་ཐོབ་པས་སེམས་གཏིང་ནས་དགའ་ཚོར་ཆེན་པོ་སྐྱེས་བྱུང་། གངས་འཁྱགས་ཐོན་ལས་འགྲེམ་སྟོན་ལྟེ་གནས་སུ་འགྲན་བསྡུར་བྱེད་སྐབས་ཚོར་སྣང་ཧ་ཅང་སྐྱིད་པོ་འདུག སང་ལོ་མུ་མཐུད་ཧར་པིན་དུ་ཡོང་ནས་འགྲན་བསྡུར་ནང་ཞུགས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས།
     བུད་མེད་ཀྱི་ལོ་16ནས་29བར་གྱི་འགྲན་སྡུར་ཁྲོད་ཝང་ཏན་ཏན་ལ་ཨང་དང་པོ་ཐོབ་པ་དང་། ལུའུ་སེན་ཡའོ་ལ་ཨང་གཉིས་པ་ཐོབ་པ། པའེ་ཡན་ཁུན་ལ་ཨང་གསུམ་པ་ཐོབ་འདུག སྐྱེས་པ་དང་བུད་མེད་ཀྱི་ལོ་30ནས་44བར་གྱི་འགྲན་སྡུར་ཁྲོད་ལི་ཆང་དང་མ་ཆིའུ་ཞང་བཅས་ལ་ཨང་དང་པོའི་བྱ་དགའ་ཐོབ་ཡོད།   
     སྐྱེས་པ་དང་བུད་མེད་ཀྱི་ལོ་45ཡན་གྱི་འགྲན་སྡུར་ཁྲོད་སུན་ཁྲེང་དབྱི་དང་རེན་ཧྲུའུ་ཧྥང་བཅས་ལ་ཁག་སོ་སོར་ཨང་དང་པོ་ཐོབ་པ། སྐྱེས་པའི་བཞོན་རྒྱུག་རྣམ་གྲངས་གཉིས་ཀྱི་ཨང་དང་པོ་དེ་ལི་ཏ་ལིན་ལ་ཐོབ་ཡོད། ལྷག་པ་ཆོས་གྲུབ་དང་བསྟན་འཛིན་གཡུ་ལྷ་གཉིས་ལ་སྐྱེས་པ་དང་བུད་མེད་ཀྱི་རྒྱུག་འདྲེད་རྣམ་གྲངས་གཉིས་ཀྱི་ཨང་དང་པོ་ཐོབ་འདུག དུས་མཚུངས་ད་དུང་མི་3172ད་ཐེངས་ཀྱི་དྲ་ཐོག་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།