ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་ལུས་རྩལ་པ་ཚོར་ཨང་དང་པོ་ཐོབ་འདུག

སྤེལ་དུས 2023-02-07 ཡོང་ཁུངས། རྩོམ་པ་པོ།
          ཟླ2པའི་ཚེས4ཉིན།   2023ལོའི་ཧར་པིན་རྒྱལ་ཡོངས་ཀྱི་དགུན་དུས་ལྕགས་མིའི་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་ཧར་པིན་ཉི་འོད་གླིང་ཕྲན་གངས་ཤུད་འགྲེམས་ཚོགས་སུ་འགོ་ཚུགས་ཤིང་། རྒྱལ་ཡོངས་ནས་ཡོང་བའི“གངས་འཁྱགས་ལྕགས་མི”བརྒྱ་ལྷག་ཙམ་གྱིས་ཉི་འོད་གླིང་ཕྲན་དུ་འཁྱགས་ཤུད་གློད་པ་དང་འགྲན་བསྡུར་བྱས་ནས་ལྕགས་མིའི་ཉམས་བཟང་མངོན།  ཐེངས་འདིའི་འགྲན་བསྡུར་ནི་ཀྲུང་གོའི་ལྕགས་མིའི་རྣམ་གྲངས་གསུམ་གྱི་ལུས་རྩལ་མཐུན་ཚོགས་དང་།   ཧེ་ལུང་ཅང་ཞིང་ཆེན་ལུས་རྩལ་ཅུས།  ཧར་པིན་གྲོང་ཁྱེར་ལུས་རྩལ་ཅུས་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་ཤིང་།  དེ་ནི་རྒྱལ་ནང་གི་རྣམ་གྲངས་དེའི་རིམ་པ་མཐོ་ཤོས་ཀྱི་ལུས་རྩལ་འགྲན་བསྡུར་ཞིག་རེད།   ཐེངས་འདིའི་འགྲན་བསྡུར་ནི་དྲ་ཐོག་དང་དྲ་གཤམ་རྣམ་པ་གཉིས་ཀྱི་ཐོག་ནས་སྤེལ་བ་མ་ཟད།  ཧྥུ་ལ་ཏི་ཝོ་སི་ཐུའོ་ཁེ་གྲོང་ཁྱེར་དུ་ཡན་ལག་ཚོགས་ར་ཡང་བཙུགས་ཡོད།
2023ལོའི་ཧར་པིན་རྒྱལ་ཡོངས་དགུན་དུས་ལྕགས་མིའི་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་འགོ་ཚུགས་བཞིན་པ།
          འགྲན་བསྡུར་བྱ་ཡུལ་ཡིན་པའི་ངོས་ནས།  དགུན་དུས་ཀྱི་ཉི་འོད་གླིང་ཕྲན་གངས་ཤུད་འགྲེམས་ཚོགས་སུ་གངས་འཁྱགས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དང་།  འགྲན་ལམ་གྱི་ཆ་རྐྱེན་དང་གངས་འཁྱགས་ཀྱི་རིག་གནས་སོགས་ཀྱི་ཐད་དམིགས་བསལ་ལེགས་ཆ་ལྡན་ལ།  འགྲན་བསྡུར་ཁྲོད་ཉི་འོད་གླིང་ཕྲན་མཛེས་ལྗོངས་ཁུལ་གྱི་ས་གཤིས་ཀྱི་རྣམ་པ་དངོས་ལ་བརྟེན་ཏེ་ཡུལ་བབ་དང་བསྟུན་ནས་འགྲན་ལམ་འཆར་འགོད་བྱས་པས“མཛེས་ལྗོངས་ཁྲོད་འགྲན་བསྡུར་བྱེད་པ་དང་འགྲན་བསྡུར་ཁྲོད་མཛེས་ལྗོངས་ལ་མྱོང་རོལ”ཐུབ་པ་དངོས་འབྲེལ་བྱུང་ཡོད།
          ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད་ཧེ་ལུང་ཅང་དང་བོད་ལྗོངས་ཀྱིས་མཉམ་དུ་གསོ་སྐྱོང་བྱས་པའི་རྒྱལ་ཁབ་ཀྱི་དགུན་དུས་ལྕགས་མིའི་རྣམ་གྲངས་གསུམ་གྱི་ལུས་རྩལ་པ་བྱམས་པ་ཆོས་རྒྱལ་ལ་སྐྱེས་པའི་ལོ16ནས29བར་གྱི་ཚོགས་ཆུང་གི་ཨང་དང་པོ་དང་།  ལི་ཁྲའོ་ལ་ཨང་གཉིས་པ།  མིག་དམར་དོན་གྲུབ་ལ་ཨང་གསུམ་པ་བཅས་ཐོབ་ཡོད།  འགྲན་བསྡུར་མཇུག་འགྲིལ་རྗེས་བྱམས་པ་ཆོས་རྒྱལ་གྱིས“དེ་རིང་གནམ་གཤིས་ཧ་ཅང་ཡག་པོ་འདུག་ལ།  འགྲན་ལམ་ཡང་ཧ་ཅང་བདེ་པོ་འདུག  ཐེངས་འདིའི་གངས་ཤུད་འགྲེམས་ཚོགས་ནང་ཞུགས་ཐུབ་པར་བྱུང་ལ་ཨང་དང་པོ་ཡང་ཐོབ་བྱུང་བས་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་། སང་ལོ་ད་དུང་ཧར་པིན་དུ་འགྲན་བསྡུར་ནང་ཞུགས་རྒྱུའི་རེ་བ་ཡོད”ཅེས་བཤད།

རྒྱལ་ཡོངས་ཀྱི་ས་ཕྱོགས་ཁག་ནས་ཡོང་བའི་ལུས་རྩལ་པ་བརྒྱ་ལྷག་ཙམ་འགྲན་བསྡུར་ནང་ཞུགས་བཞིན་པ།
          བུད་མེད་ཀྱི་ལོ16ནས29བར་གྱི་ཚོགས་ཆུང་ནང་ཝང་ཏན་ཏན་ལ་ཨང་དང་པོ་དང་།  ལུའུ་སེན་ཡའོ་ལ་ཨང་གཉིས་པ།  པེ་ཡན་ཁུན་ལ་ཨང་གསུམ་པ་བཅས་ཐོབ་པ་དང་།  སྐྱེས་པ་དང་བུད་མེད་ཀྱི་ལོ30ནས44བར་གྱི་ཚོགས་ཆུང་ནང་ལི་ཆང་དང་མ་ཆིའུ་ཤང་ལ་ཨང་དང་པོ་ཐོབ་པ།  སྐྱེས་པ་དང་བུད་མེད་ཀྱི་ལོ45ཡན་གྱི་ཚོགས་ཆུང་ནང་སུན་ཁྲེང་དབྱི་དང་རེན་ཧྲུའུ་ཧྥང་ལ་ཨང་དང་པོ་ཐོབ་པ།  སྐྱེས་པའི་རྐང་འཁོར་དང་རྒྱུག་ཤར་རྣམ་གྲངས་གཉིས་ཀྱི་ཚོགས་ཆུང་ནང་ལི་ཏ་ལིན་ལ་ཨང་དང་པོ་ཐོབ་པ།  ལྷག་པ་ཆོས་གྲུབ་དང་བསྟན་འཛིན་གཡུ་ལགས་ལ་སྐྱེས་པ་དང་བུད་མེད་ཀྱི་རྒྱུག་ཤར་དང་གངས་ཤུད་རྣམ་གྲངས་གཉིས་ཀྱི་ཨང་དང་པོ་ཐོབ་པ་དང་ཆབས་ཅིག   ཐེངས་འདིར་ད་དུང་ལུས་རྩལ་པ3171དྲ་ཐོག་འགྲན་བསྡུར་ནང་ཞུགས་ཡོད།
         ཧར་པིན་ལ་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོའི་གྲོང་དང་དགུན་དུས་ལྕགས་མིའི་གྲོང་གི་མཚན་སྙན་ལྡན་ཞིང་།  དེ་ནི་ཨེ་ཤེ་ཡའི་དགུན་དུས་ལྕགས་མིའི་རྣམ་གྲངས་གསུམ་གྱི་འཛམ་གླིང་བུམ་པའི་འགྲན་བསྡུར་གཉེར་སའི་གྲོང་ཁྱེར་ཞིག་རེད།  2023ལོར་ཧར་པིན་གྱི་རྒྱལ་ཡོངས་དགུན་དུས་ལྕགས་མིའི་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་གཉེར་བ་དེས་ལུས་རྩལ་དང་ཡུལ་སྐོར་སོགས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་མ་ཟད།  ཧྲང་ཧའེ་མཉམ་ལས་རྩ་འཛུགས(ཧར་པིན)ཀྱི་གངས་འཁྱགས་ལུས་རྩལ་དཔེ་སྟོན་ཁུལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ཐད་ལའང་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད། 
རྩོམ་སྒྲིག་པ།  བསྟན་ཆོས།