ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཇོ་མོ་གླང་མའི་འདབས་སུ་སྦྲ་གུར་མགྲོན་ཁང་བཙུགས་ནས་ཕྱུག་པོའི་ལམ་དུ་བསྐྱོད་པ།

སྤེལ་དུས 2023-06-05 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་ཟླ་5ཚེས་20ཉིན་པར་བླངས་པའི་ཇོ་མོ་གླང་མའི་ཡུལ་སྐོར་གྱི་སྒར་ས་ཆེན་མོའི་སྦྲ་གུར་མགྲོན་ཁང་ཡིན་པ།
  ཇོ་མོ་གླང་མའི་ཡུལ་སྐོར་བའི་སྒར་ས་ཆེན་མོ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་དུ་ཡོད་ཅིང་། ཉི་མ་འཆར་ནུབ་སྐབས་ཀྱི་ཇོ་མོ་གླང་མའི་མཛེས་ལྗོངས་དང་། མཚན་མོ་སྐར་ཚོགས་ལ་ལྟ་མཁན་ཡུལ་སྐོར་བ་སྤྱིར་ན་སྒར་ས་ཆེན་མོ་དེའི་སྦྲ་གུར་མགྲོན་ཁང་དུ་སྡོད་པས། ནོར་ནག་གི་རྩིད་པས་བསླས་པའི་སྦྲ་གུར་དག་ནི་ཇོ་མོ་གླང་མའི་འདབས་ཀྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཏུ་གྱུར།
  འདི་ལོ་ལོ་27ལ་སླེབས་པའི་བསྟན་འཛིན་བཀྲ་ཤིས་འཛོམས་ཤང་དགའ་རོང་གྲོང་ཚོ་ནས་ཡིན་ཞིང་། ཁོང་གིས་སྒར་ས་ཆེན་མོར་སྦྲ་གུར་མགྲོན་ཁང་གཉེར་ནས་ལོ་བཅུ་ཙམ་འགྲོ་གི་ཡོད། ཁོང་གིས“དེ་སྔོན་ཡུལ་སྐོར་བ་སླེབས་ཀྱང་ཉལ་ཁྲིའི་ཆ་རྐྱེན་ཡག་པོ་མེད་པ་དང་། ཉི་ནུས་ལ་བརྟེན་ནས་གློག་གཏོང་དགོས་ལ། འཐུང་ཆུའང་རོང་ཕུ་གཙང་པོ་ནས་ལེན་དགོས་ཀྱི་ཡོད”ཅེས་བཤད།
  ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཇོ་མོ་གླང་མའི་ཡུལ་སྐོར་བའི་སྒར་ས་ཆེན་མོའི་སྒྲིག་ཆས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས། ཆུ་ཀ་ལ་དང་གློག་ཁྲིད་པ་དང་། འཕྲལ་སྡོམ་རླངས་འཁོར་དང་གསོ་རླུང་རྔུབ་ཆས་སྒྲིག་སྦྱོར་བྱས་པ་མ་ཟད། ད་དུང་ཙག་ཙིག་ཚོང་ཁང་དང་། ཇ་ཁང་། སྦྲག་སྲིད་ཁང་བཅས་ཚང་མ་ཡོད། སྦྲ་གུར་ནང་དུའང་དྲོད་སྲུང་ཆས་ཡོད་ལ། ཁང་པ་ཡང་ཚད་ལྡན་ཁང་པ་དང་མི་གཅིག་སྡོད་སའི་ཁང་པ་སོགས་བཟོ་ལྟ་མི་འདྲ་བ་བཀོད་སྒྲིག་བྱས་ཡོད།
  ཡུལ་སྐོར་གྱི་ཡོང་འབབ་ལས་བསྟན་འཛིན་ཁྱིམ་གྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། བསྟན་འཛིན་གྱིས་གཅུང་པོ་དང་གཅུང་མོ་སློབ་གྲྭར་བཏང་བ་མ་ཟད། ད་དུང་ཁང་པ་ཐོག་གཉིས་མ་གསར་པ་ཞིག་ཀྱང་བརྒྱབ་ཡོད།
  བསྟན་འཛིན་གྱི་སྦྲ་གུར་མགྲོན་ཁང་གི་ཁ་སྤྲོད་ཀྱི་མགྲོན་ཁང་དེའི་སྦྱིན་བདག་2022ལོར་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་པའི་བཀྲ་ཤིས་ཚེ་རིང་རེད། བཀྲ་ཤིས་ཚེ་རིང་གིས་ཡུལ་སྐོར་བ་དེ་བས་མང་བར་ས་གནས་དེ་གའི་དམངས་སྲོལ་དང་ཇོ་མོ་གླང་མའི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་རྒྱག་ཐུབ་པའི་རེ་བ་ཡོད་ཅེས་བཤད།
  བཀྲ་ཤིས་འཛོམས་ཤང་གི་སྤྱི་འདོམས་བཀོད་སྒྲིག་གཞིར་བཟུང་། ཇོ་མོ་གླང་མའི་ཡུལ་སྐོར་བའི་སྒར་ས་ཆེན་མོའི་སྦྲ་གུར་མགྲོན་ཁང་ཤང་དེའི་གྲོང་ཚོ་མི་འདྲ་བའི་ཞིང་འབྲོག་པས་གཉེར་སྐྱོང་དོ་དམ་བྱེད་པ་དང་ལོ་རེའི་ཟླ་3པ་ནས་སྦྲ་གུར་ཕུབ་སྟེ་ཟླ་10པའི་བར་ལས་གཉེར་བྱེད་ཀྱི་ཡོད་པ་རེད། སྦྲ་གུར་མགྲོན་ཁང་གི་ཡོང་འབབ་ནས་ཆ་ཤས་ཤིག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་བཞག་ནས་བགོ་འགྲེམས་བྱེད་དུ་བཅུག་སྟེ་ཡུལ་སྐོར་ཐོན་ལས་ཀྱིས་ཇོ་མོ་གླང་མའི་འདབས་ཀྱི་ཞིང་འབྲོག་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པ་བྱེད་ཀྱི་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།