ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

པཎ་ཆེན་རིན་པོ་ཆེ་མཆོག་གིས་ཆབ་མདོར་སློབ་སྦྱོང་དང་བརྟག་ཞིབ་གནང་བ།

སྤེལ་དུས 2023-06-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ6པའི་ཚེས5ཉིན་ནས་ཟླ6པའི་ཚེས17ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་བོད་ལྗོངས་ཆབ་མདོའི་གསར་བརྗེའི་རྗེས་ཤུལ་ལ་གཟིགས་སྐོར་གནང་ནས་དམག་སྡེ་བཅོ་བརྒྱད་པ་དང་བོད་ལྗོངས་འཛུགས་སྐྲུན་གྱི་མི་སེམས་འགུལ་བའི་གཏམ་རྒྱུད། གྲོང་མིའི་ཁྱིམ་ཚང་དང་ཐོན་ལས་གླིང་ཁུལ་དུ་ཕེབས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པའི་སྐོར་ལ་མཁྱེན་རྟོགས་གནང་བ་རེད། གནམ་བདག་ཆོས་ལུགས་ཀྱི་ཆོས་ཁང་དང་བོན་པོའི་དགོན་པར་གཟིགས་སྐོར་གནང་ནས་ཆོས་ལུགས་ཁག་ཁམས་ཀྱི་ས་གཞི་ཆེན་མོར་ཞི་མཐུན་མཉམ་གནས་དང་དད་ལྡན་སེར་སྐྱ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ད་ཡོད་གནས་ཚུལ་བདེན་དཔང་གནང་ཡོད།
པཎ་ཆེན་རིན་པོ་ཆེ་མཆོག་གིས་དམག་སྡེ་བཅོ་བརྒྱད་པའི་འབྲི་ཆུ་བརྒལ་བའི་གཡུལ་འགྱེད་དྲན་གསོ་ཁང་དུ་གཟིགས་སྐོར་གནང་བཞིན་པ།
       ཆབ་མདོ་ནི་བོད་ལྗོངས་ཀྱི་ཤར་རྒྱུད་དུ་གནས་པ་དང་། འཕྲེད་རྒྱུག་རི་རྒྱུད་དང་། འབྲི་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་གཙང་གསུམ་གྱི་འབབ་རྒྱུད་དུ་གནས་ཡོད། དེ་ནི་ལོ་རྒྱུས་ཐོག་ཇ་རྟ་ཚོང་ལམ་གྱི་དངོས་ཟོག་བསྡུ་འགྲེམས་བྱེད་གནས་ཤིག་ཡིན་ལ། བོད་ལྗོངས་དང་། སི་ཁྲོན། ཡུན་ནན། མཚོ་སྔོན་བཅས་འབྲེལ་མཐུད་བྱེད་པའི་ལྟེ་བ་དང་གངས་ལྗོངས་ས་མཐོ་ནས་ནང་ལོགས་ས་ཁུལ་དུ་སྐྱོད་པའི་སྒོ་མོ་གལ་ཆེན་ཞིག་ཀྱང་ཡིན་པས“བོད་ཤར་གྱི་མུ་ཏིག”ཅེས་བརྗོད་ཀྱི་ཡོད།
       འདི་ནི་པཎ་ཆེན་རིན་པོ་ཆེ་མཆོག་ཆབ་མདོར་འཚམས་འདྲི་གནང་ཐེངས་གཉིས་པ་དེ་ཡིན། ཐེངས་འདིར་པཎ་ཆེན་རིན་པོ་ཆེ་མཆོག་སི་ཁྲོན་ནས་བོད་ལྗོངས་སུ་ཕེབས་པ་དང་། རླངས་འཁོར་འབྲི་ཆུའི་ཟམ་ཆེན་བརྒལ་མ་ཐག“བོད་ལྗོངས་ཀྱི་བཅིངས་འགྲོལ་གྲོང་ཚོ་དང་པོ”སྟེ་སྐམ་ཐོག་གྲོང་ཚོར་ཕེབས་པ་རེད།
       “པཎ་ཆེན་རིན་པོ་ཆེ་ལགས། བཀྲ་ཤིས་བདེ་ལེགས” “བོད་ལྗོངས་སུ་ཕེབས་པར་དགའ་བསུ་ཞུ” ཟླ6པའི་ཚེས5ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་དང་ཆབ་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་དང་། བླ་སྤྲུལ་གྱི་འཐུས་མི། དད་ལྡན་སེར་སྐྱ་མང་ཚོགས་བཅས་ཀྱིས་འབྲི་ཆུའི་ཟམ་ཆེན་ཐོག་པཎ་ཆེན་རིན་པོ་ཆེ་མཆོག་ལ་ཕེབས་བསུ་ཞུས་པ་དང་། ཁམས་པའི་གྱོན་ཆས་སྤྲས་པའི་གུས་ལུགས་མི་སྣས་ཕྱེ་མར་ཡང་ཕུལ་བ་རེད།
       སྤྲོ་སེམས་འཁོལ་ཞིང་གཟབ་རྒྱས་ངང་ཕེབས་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས་པཎ་ཆེན་རིན་པོ་ཆེ་མཆོག་ཞབས་ཐང་དུ་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་གྱི་དམག་སྡེ་བཅོ་བརྒྱད་པའི་འབྲི་ཆུ་བརྒལ་བའི་གཡུལ་འགྱེད་དྲན་གསོ་ཁང་དུ་ཕེབས་ནས་གཟིགས་སྐོར་གནང་བ་དང་། འགྲེལ་བཤད་པའི་ངོ་སྤྲོད་འོག་པཎ་ཆེན་རིན་པོ་ཆེ་མཆོག་གིས་དམག་སྡེ་བཅོ་བརྒྱད་པའི་དམག་དཔོན་གྱི་ཉམས་འགྱུར་དང་། བོད་ལྗོངས་བཅིངས་འགྲོལ་དང་འཛུགས་སྐྲུན་བྱས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ལ་ནན་ཏན་ངང་མཁྱེན་རྟོགས་གནང་བ་རེད། དེ་རྗེས་པཎ་ཆེན་རིན་པོ་ཆེ་མཆོག་རླངས་འཁོར་ལ་བཞུགས་ནས་སྐམ་ཐོག་གྲོང་རྡལ་གྱི་དམག་སྡེ་བཅོ་བརྒྱད་པའི་དམག་སྒར་གྱི་གནས་རྙིང་དུ་ཕེབས་ནས་གཟིགས་སྐོར་གནང་བ་དང་། དེ་གར་པཎ་ཆེན་རིན་པོ་ཆེ་མཆོག་གིས་འབྲི་ཆུ་བརྒལ་བའི་གཡུལ་འགྱེད་དང་དེ་བཞིན་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་པར་གཞིར་གཟིགས་ནས་གསར་བརྗེའི་ཉམས་འགྱུར་མྱོང་བ་དང་བསམ་པའི་ཞུན་བདར་དང་ལེན་གནང་བ་རེད།
འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་གྱི་དམག་སྡེ་བཅོ་བརྒྱད་པའི་དམག་སྒར་གྱི་གནས་རྙིང་།
       པར་རིས་དང་དངོས་པོ་རེ་རེ་ལས་དེ་སྔའི་སྤྱིར་བཏང་མིན་པའི་ལོ་ཟླ་མཚོན་ལ། སྐམ་ཐོག་གི་ལོ་རྒྱུས་ནི་དམག་མི་དང་མི་སེར་གྱི་མཐུན་སྒྲིལ་དང་། མི་རིགས་ཁག་གི་མཐུན་སྒྲིལ་གྱི་ལོ་རྒྱུས་ཤིག་ཀྱང་ཡིན་པ་མ་ཟད། གངས་ལྗོངས་ས་མཐོར་རྣམ་པ་གསར་རྐྱང་གཏོད་པའི་འབད་འཐབ་ལོ་རྒྱུས་ཤིག་ཀྱང་ཡིན་པ་དང་། དེ་ནི་གསར་བརྗེའི་ས་བོན་རྩ་བ་ཚུགས་ཤིང་མྱུ་གུ་འབུས་ནས་གཡུར་ཟའི་འབྲས་བུ་ཐོན་པའི་རྒྱུན་འཛིན་གྱི་ལོ་རྒྱུས་ཤིག་ཀྱང་རེད། གཟིགས་སྐོར་གནང་རིང་པཎ་ཆེན་རིན་པོ་ཆེ་མཆོག་གིས་ནན་ཏན་ངང་ངོ་སྤྲོད་ལ་མཁྱེན་རྟོགས་གནང་བ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུས་ལ། སྐམ་ཐོག་གི་དམིགས་བསལ་གྱི་གསར་བརྗེའི་རིག་གནས་མྱོང་རོལ་གནང་བ་རེད། 
       ཕྱི་ཉིན། པཎ་ཆེན་རིན་པོ་ཆེ་མཆོག་བོད་ལྗོངས་ཡིད་ལྷུན་ཟངས་ལས་མ་རྐང་ཚད་ཡོད་ཀུང་སིར་གཟིགས་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་རེད། ཁེ་ལས་ཀྱི་འགན་འཁུར་བས་པཎ་ཆེན་རིན་པོ་ཆེ་མཆོག་ལ་ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མདོར་བསྡུས་དང་སྤྱིའི་བཀོད་སྒྲིག་ངོ་སྤྲོད་གནང་བ་དང་། དེ་རྗེས་པཎ་ཆེན་རིན་པོ་ཆེ་མཆོག་བཀོད་གཏོང་ལྟེ་གནས་སུ་ཕེབས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་། བདེ་འཇགས་ཁོར་ཡུག་སྲུང་སྐྱོང་། ཐོན་རྫས་ཐོན་ཚད་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད།
       པཎ་ཆེན་རིན་པོ་ཆེ་མཆོག་གིས“ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་གནས་ཚུལ་གང་འདྲ་ཡོད་དམ” “དཔྱ་ཁྲལ་འཇལ་བའི་གནས་ཚུལ་གང་འདྲ་ཡིན་ནམ” “ཇི་ལྟར་བྱས་ནས་ཐོན་སྐྱེད་ཁྲོད་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་དགོས་སམ། ཁོར་ཡུག་སྲུང་སྐྱོང་ཐད་མ་དངུལ་ག་ཚོད་གཏོང་དགོས་སམ”ཞེས་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཡང་ཡང་གནང་བ་རེད། 
       “ང་ཚོའི་ཀུང་སིས་ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཏུང་ཧྲི་ཀྲང་གིས་ཀྲུའུ་རེན་དང་། སྤྱི་ཁྱབ་ཅིང་ལི་དང་ཁོར་ཡུག་སྲུང་སྐྱོང་ལས་བགོས་འགན་གཉེར་བྱེད་པའི་སྤྱི་ཁྱབ་ཅིང་ལི་གཞོན་པས་ཀྲུའུ་རེན་གཞོན་པ་བྱས་པའི་ཁོར་ཡུག་སྲུང་སྐྱོང་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ནས། 2021ལོའི་ཟླ6པར་རྒྱལ་ཁབ་རིམ་པའི་ལྗང་མདོག་དཔེ་སྟོན་བཟོ་གྲྭའི་སྒོ་བྱང་ཐོབ་པ་དང་། 2018ལོ་ནས2022ལོ་བར་རིམ་རྩིས་བྱས་ན་ཁོར་ཡུག་སྲུང་སྐྱོང་ཐད་མ་དངུལ་སྒོར་དུང་ཕྱུར16.03བཏང་བ་དང་། 2023ལོའི་ཁོར་ཡུག་སྲུང་སྐྱོང་ཐད་མ་དངུལ་སྒོར་དུང་ཕྱུར10.15གཏོང་འཆར་ཡོད།” ཅེས་ཀུང་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པ་རེད།  
       ཀུང་སིའི་འགན་འཁུར་བའི་འབྲེལ་ཡོད་ངོ་སྤྲོད་ལ་གསན་རྗེས། པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུ་ལྕོག་ལྕོག་གནང་ནས་བོད་ལྗོངས་ཡིད་ལྷུན་ཟངས་ལས་མ་རྐང་ཚད་ཡོད་ཀུང་སིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་ལས་དོན་ལ་ཁས་ལེན་གནང་བ་རེད།
       “རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དོན་འཁྱོལ་ཧ་ཅང་ཡག་པོ་བྱུང་ཡོད” པཎ་ཆེན་རིན་པོ་ཆེ་མཆོག་གིས་བརྟག་ཞིབ་གནང་སྐབས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཉམས་ཞན་ཡིན་པ་དང་། ང་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་དང་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་སོགས་ཧ་ཅང་ཡག་པོ་བྱུང་འདུག་ཅེས་གསུངས་པ་རེད།
       གོ་འཇོ་རྫོང་དུ་པཎ་ཆེན་རིན་པོ་ཆེ་མཆོག་གིས་ངག་དབང་ལུག་གི་རྒྱུད་སྤེལ་རྟེན་གཞིར་གཟིགས་ཞིབ་དང་བརྟག་ཞིབ་གནང་ནས་ངག་དབང་ལུག་གི་ཐོན་རྫས་དང་བཟོ་རྩལ་ཐོན་རྫས་ལ་མཁྱེན་རྟོགས་གནང་བ་དང་། སོན་ལུག་དང་མཚེ་མའི་སྐྱེ་འཕེལ་གནས་ཚུལ་ལ་གཟིགས་སྐོར་གནང་ལ། དཔལ་འབྱོར་ཕན་འབྲས་ཆེ་ལ་མྱུར་བའི་གསོ་འཕེལ་ལག་རྩལ་དང་ལྟེ་བའི་ཁུལ་གྱི་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད། ངག་དབང་ལུག་གི་ཐོན་ལས་ཁུལ་འཛུགས་སྐྲུན་དང་ཞིང་འབྲོག་པའི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་སོགས་ཀྱི་གནས་ཚུལ་ལ་གསན་པ་དང་། ཁྲོན་བོད་ལྕགས་ལམ་བོད་ལྗོངས་ཕྱོགས་བསྡུས་མེ་འཁོར་བབས་ཚུགས་དང་པོ་སྟེ། གོ་འཇོ་བབས་ཚུགས་འཛུགས་སྐྲུན་དང་། ས་གནས་དེ་གའི་མང་ཚོགས་གཞུང་གི་འཛུགས་སྐྲུན་ནང་ཞུགས་ཚུལ། བསྐྲུན་ཟིན་རྗེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་བཅས་ལ་མཁྱེན་རྟོགས་དང་བརྟག་ཞིབ་གནང་བ་རེད། 
པཎ་ཆེན་རིན་པོ་ཆེ་མཆོག་གིས་ཚྭ་ཁ་ལྷོའི་གནམ་བདག་ཆོས་ཁང་ལ་འཚམས་འདྲི་གནང་བཞིན་པ།
       བརྟག་ཞིབ་གནང་རིང་། པཎ་ཆེན་རིན་པོ་ཆེ་མཆོག་ད་དུང་ཆེད་མངགས་སྨར་ཁམས་རྫོང་འཇང་མི་རིགས་ཞང་གི་ལོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཚྭ་ཁ་ལྷོའི་གནམ་བདག་ཆོས་ཁང་དུ་ཕེབས་ནས་འཇང་མི་རིགས་ཞང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་ཚུལ་ལ་བརྟག་ཞིབ་གནང་བ་དང་། ཞིང་དུད་ལ་འཚམས་འདྲི་གནང་བར་མ་ཟད། སྨར་ཁམས་རྫོང་གི་མི་རིགས་ཁག་གི་མང་ཚོགས་དང་བཞུགས་མོལ་ཡང་གནང་བ་རེད།
       “སྨར་ཁམས་ལ་ཡོང་འདོད་ཆེན་པོ་ཡོད། ད་ཐེངས་བསམ་འདུན་གྲུབ་སོང” པཎ་ཆེན་རིན་པོ་ཆེ་མཆོག་གིས་སྨར་ཁམས་རྫོང་དུ་བརྟག་ཞིབ་གནང་རྗེས་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་སེམས་ལ་གཏིང་ཟབ་ཟུག་ནས་མི་རིགས་ཁག་གི་མི་དམངས་ཀྱི་བརྩི་བཀུར་ཐོབ་པ་དང་། མི་སེར་ཚོས་སེམས་གཏིང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བ་ལས་ང་ཚོར་སྨར་ཁམས་རྫོང་དང་། དེ་བཞིན་ཆབ་མདོའི་རྫོང་ཁག་ཏུ་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་དང་། དཔལ་འབྱོར་དང་སྤྱི་ཚོགས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ། མི་རིགས་ཁག་གི་མང་ཚོགས་ལ་ཐོབ་པའི་སྲིད་ཇུས་ཀྱི་ཕན་པ་བཅས་མྱོང་ཚོར་ཟབ་མོ་བྱུང་ཞེས་གསུངས་པ་རེད།
       ཚྭ་ཁ་ལྷོའི་གནམ་བདག་ཆོས་ཁང་ནི་མིག་སྔར་བོད་ལྗོངས་སུ་ཉར་ཚགས་བྱས་པ་དང་འབྲེལ་བེད་སྤྱོད་གཏོང་བཞིན་པའི་གནམ་བདག་ཆོས་ལུགས་ཀྱི་སྐྲུན་དངོས་གཅིག་པུ་ཡིན་པ་དེ་ཐོག་ནས་ཆོས་ལུགས་མི་འདྲ་བ་བོད་ལྗོངས་སུ་ཞི་མཐུན་མཉམ་གནས་ཐུབ་པ་ར་སྤྲོད་ཐུབ་ཡོད། ཚྭ་ཁ་ལྷོའི་གནམ་བདག་ཆོས་ཁང་དུ་པཎ་ཆེན་རིན་པོ་ཆེ་མཆོག་གིས་གནམ་བདག་ཆོས་ཁང་གི་ལོ་རྒྱུས་འབྱུང་ཁུངས་དང་། རིག་གནས་རྒྱུན་འཛིན། དད་ལྡན་སེར་སྐྱ་མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་ཡིག་གི《དམ་པའི་གསུང་རབ》མཐོང་སྐབས་སྤྲོ་སྣང་ཆེན་པོས་མུ་མཐུད་གཟིགས་གནང་བ་རེད།
       པཎ་ཆེན་རིན་པོ་ཆེ་མཆོག་གིས“ལོ་རྒྱུས་ཐོག་ང་ཚོའི་མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས་ཡོད་མོད། འོན་ཀྱང་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་ད་གཟོད་ང་ཚོ་མི་རིགས་ཁག་ཁྱིམ་ཚང་གཅིག་ལྟར་མཛའ་བརྩེ་ལྡན་པ་དང་། ཆོས་ལུགས་ཁག་ཞི་མཐུན་མཉམ་གནས་ཀྱིས་དད་ལྡན་སེར་སྐྱ་མང་ཚོགས་དང་སྤྱི་ཚོགས་ལ་ཐུན་མོང་ཐོག་ཞབས་འདེགས་ཞུ་བཞིན་ཡོད” ཅེས་གསུངས་པ་རེད།
པཎ་ཆེན་རིན་པོ་ཆེ་མཆོག་གིས་མི་རིགས་མང་པོའི་ཞི་མཐུན་ཁྱིམ་ཚང་ཚེ་རིང་ཉི་འཛིན་གྱི་ཁྱིམ་དུ་འཚམས་འདྲི་གནང་བཞིན་པ།
       འཇང་མི་རིགས་ཞང་དུ་པཎ་ཆེན་རིན་པོ་ཆེ་མཆོག་གིས་མི་རིགས་མང་པོའི(བོད་རིགས། རྒྱ་རིགས། འཇང་རིགས། ཧུའེ་རིགས།མོན་པ་རིགས)ཞི་མཐུན་ཁྱིམ་ཚང་ཚེ་རིང་ཉི་འཛིན་གྱི་ཁྱིམ་དུ་བཅར་འདྲིར་ཕེབས་པ་དང་། ཚེ་རིང་ཉི་འཛིན་གྱི་ནང་མི་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁོང་ཚོའི་ཁྱིམ་ཚང་གི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས། མཉམ་སྡོད་མཉམ་སྦྱོང་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་ད་ཆ་ཚང་མའི་འཚོ་བ་ཉིན་རེ་ནས་ཉིན་རེ་མ་འདས་པར་ཡག་ཏུ་འགྲོ་བ་དང་། མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ། ཕྲུ་གུ་ཚོར་ཕུགས་འདུན་ཡོད་པ། གཞོན་ནུ་ཚོར་ཕུགས་བསམ་ཡོད་པ་བཅས་ནི་བདེ་སྐྱིད་ཅིག་རེད། ང་ཚོས་བདེ་སྐྱིད་ཚོར་དགོས་པ་དང་ངེས་པར་དུ་ཕྲུ་གུར་སློབ་གསོ་ཡག་པོ་རྒྱག་པ་དང་གསོ་སྐྱོང་ཡག་པོ་བྱེད་དགོས་པར་མ་ཟད། གོ་སྐབས་དམ་འཛིན་གྱིས་རང་ཉིད་ཀྱི་དཀའ་སྤྱད་ལག་གཉིས་ལ་བརྟེན་ནས་ལས་བརྩོན་ཕྱུག་འགྱུར་བྱས་ཏེ་ཧུར་ཐག་གིས་ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
       ཆབ་མདོར་བཞུགས་རིང་། པཎ་ཆེན་རིན་པོ་ཆེ་མཆོག་གིས་ད་དུང་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་དང་། བྲག་གཡབ་རྫོང་སྐྱིད་ཐང་ཁྱད་ལྡན་གྲོང་རྡལ་གྱི་འགྲེམས་སྟོན་ཁང་། སྟེང་ཆེན་རྫོང་ཐོན་ལས་གླིང་འཆར་འགོད་ཁང་བཅས་ལ་གཟིགས་སྐོར་དང་བརྟག་ཞིབ་གནང་བ་རེད།
པཎ་ཆེན་རིན་པོ་ཆེ་མཆོག་གིས་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་བོད་སྨན་ཁེ་ལས་ལ་བརྟག་ཞིབ་གནང་བ།
པཎ་ཆེན་རིན་པོ་ཆེ་མཆོག་གིས་སྟེང་ཆེན་རྫོང་ཐོན་ལས་གླིང་འཆར་འགོད་ཁང་ལ་བརྟག་ཞིབ་གནང་བ།
       “དེ་བཞིན་དུ་ལམ་ནས་སྐྱོད་སྐབས་འགྲོ་ཧ་ཅང་བདེ་པོ་འདུག ལམ་བུའི་གཡས་གཡོན་གྱི་ཉེ་འཁོར་གྱི་མང་ཚོགས་ཀྱི་སྡོད་ཁང་དང་མི་སེར་གྱི་གྱོན་ཆས་ཀྱང་དར་སོ་ཇེ་ཆེར་སོང་ནས་དེང་རབས་ཅན་དུ་གྱུར་འདུག གྲུབ་འབྲས་དེ་ལྟ་བུ་ཡང་མཚོ་བོད་ས་མཐོར་མངོན་འགྱུར་ཐུབ་པ་དང་མི་རིགས་ཁག་གི་མང་ཚོགས་ཚོས་དངོས་འབྲེལ་ལོངས་སྤྱོད་ཐུབ་པ་དེ་ནི་མི་ཡུལ་གྱི་ངོ་མཚར་ཞིག་རེད”ཅེས་གསུངས། ཁོང་གིས་བོད་ལྗོངས་ནི་རི་བོ་མཐོ་ལ་ལམ་ཐག་རིང་བ་དང་། མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པ། ཁོར་ཡུག་གི་ཆ་རྐྱེན་ཞན་ནའང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་ལྟ་བུ་བྱུང་བ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་ཁ་འབྲལ་ཐབས་མེད།
       “ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱིས་ང་ཚོར་སྤྲད་པའི་ཕན་པ་ཆེ་ཤོས་རེད” པཎ་ཆེན་རིན་པོ་ཆེ་མཆོག་གིས་ང་ཚོ་མི་རིགས་ཁག་གི་མང་ཚོགས་ཕན་པ་ཐོབ་མཁན་ཆེ་ཤོས་ཡིན་པའི་ངོས་ནས་ང་ཚོས་རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས་པ་དང་། ང་ཚོའི་བདེ་སྐྱིད་ལྡན་པའི་གྲུབ་འབྲས་ལ་གཏོར་བཤིག་གཏོང་མཁན་གྱི་སྟོབས་ཤུགས་མཐའ་དག་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཀྱི་ས་ཆ་ཆ་ཚང་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
པཎ་ཆེན་རིན་པོ་ཆེ་མཆོག་གིས་སྨར་ཁམས་རྫོང་གི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་དྲན་རྟེན་སྐུ་པར་བསྐྱོན་པ།
      པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་ཆེས་ཆེ་བའི་སྤྲུལ་སྐུའི་གྲས་ཤིག་ཡིན། ཁོང་ནི1990ལོའི་ཟླ2པའི་ཚེས13ཉིན་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་དུ་སྐུ་འཁྲུངས་ཤིང་། 1995ལོའི་ཟླ11པའི་ཚེས29ཉིན་གསེར་བུམ་དཀྲུགས་འདོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་སྟེ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་།