ཟླ་8པའི་ཚེས3ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཚན་པ་མང་པོ་ལས་གྲུབ་པའི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ཆབ་མདོའི་ས་ཁོངས་ཀྱི་གནས་ཕུ་བྲག་ཕུག་ལ་གནའ་རྫས་རྟོག་ཞིབ་གཏིང་ཟབ་དང་བརྟག་དཔྱད་བྱས་པ་བརྒྱུད། བོད་ལྗོངས་ཀྱི་ད་ཡོད་ཀྱི་ནང་བསྟན་ཤུལ་བཞག་དང་བསྡུར་ཚེ་བྲག་ཕུག་དེ་ནི་ད་བར་བོད་ལྗོངས་ཀྱི་ཆ་ལག་ཅུང་ཚང་བའི་གདུང་རྟེན་གྱི་བྲག་ཕུག་གཅིག་པུ་དེ་ཡིན་པ་དང་། དེའི་ལྡེབས་རིས་ལས་ཡོན་རྒྱལ་རབས་ཀྱི་ཀྲུང་དབྱང་སྲིད་གཞུང་དང་བོད་ལྗོངས་ས་གནས་དབར་གྱི་འབྲེལ་བ་སླར་ཡང་བདེན་དཔང་བྱེད་ཐུབ།

ཟླ7པའི་ཚེས30ཉིན་པར་བླངས་པའི་གནས་ཕུ་བྲག་ཕུག་གི་ནང་ངོས།
སུའོ་ཀྲང་བཀྲ་ཤིས་དབང་རྒྱལ་གྱིས་ངོ་སྤྲོད་གནང་དོན། གནས་ཕུ་བྲག་ཕུག2022ལོར་ཤེས་རྟོགས་བྱུང་བ་དང་གནས་དེར2022ལོ་དང2023ལོར་གནའ་རྫས་རྟོག་ཞིབ་ཐེངས་གསུམ་བྱས། ཉེ་ཆར་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་དང་། ཆབ་མདོ་གྲོང་ཁྱེར་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་སུའོ། སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་སུའོ་དང་གནའ་རྫས་རིག་གནས་དངོས་མང་སྟོན་ཚོགས་སློབ་གླིང་བཅས་ཀྱིས་བྲག་ཕུག་དེར་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་བྱས་པ་དང་གྲུབ་འབྲས་ཀྱང་གང་ལ་གང་འཚམ་ཐོབ་ཡོད།
གནས་ཕུ་བྲག་ཕུག་ནི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་ས་ཁོངས་སུ་གནས་པ་དང་ས་བབ་མཐོ་ཚད་སྨི3800ལྷག་ཙམ་ཟིན་གྱི་ཡོད། བྲག་ཕུག་གི་ཁ་ལྷོ་ལ་གཏད་ཅིང་། རང་བྱུང་གི་བྲག་ཕུག་བཅོས་ནས་གྲུབ་པ་ཞིག་དང་ལོ་རབས་ཅུང་སྔ་ཙམ་ཡིན་ལ་ཉར་ཚགས་ཀྱང་ཅུང་ཆ་ཚང་པོ་ཡོད། དེའི་རྒྱ་ཁྱོན་ཅུང་ཆེ་ཞིང་གྲུ་བཞི་ཁ་གང་མའི་དབྱིབས་ཡིན་ལ། འཛུགས་སྐྲུན་བཀོད་པ་ལ་ཕྱོགས་བཞིའི་གྱང་དང་། སྟེང་གི་ཀོང་བུ། བྲག་ཕུག་ནང་གི་མཐོ་ཞིང་བརྗིད་པའི་མཆོད་རྟེན་བཅས་ལས་ཡོད་པ་དང་། ཕྱོགས་བཞིའི་གྱང་ལྡེབས་དང་ཀོང་བུའི་སྟེང་དུ་ལྡེབས་རིས་ཡོད།
ད་ཐེངས་ཀྱི་བརྟག་དཔྱད་ལ་བྲག་ཕུག་དང་མཆོད་རྟེན་བཟོ་བཀོད་ཀྱི་གྲུབ་ཆ་དང་། ངོས་སྙོམས། ས་ངོས་བཅས་ལ་ཚད་འཇལ་རགས་ཙམ་བྱས་པར་མ་ཟད། མཆོད་རྟེན་དང་བྲག་ཕུག་དབར་གྱི་འབྲེལ་བ། བྲག་ཕུག་གི་བྱེད་ནུས་དང་ཁུལ་ཁོངས། ལྡེབས་རིས་ཀྱི་གྲུབ་སྟངས་དང་ནང་དོན། རྣམ་པ། ལོ་རབས་བཅས་ལ་ཞིབ་འཇུག་རགས་ཙམ་བྱས་པ་དང་དུས་མཚུངས་སུ་བྲག་ཕུག་ཏུ་ལུས་པའི་དཔེ་ཆ་དང་། ཚ་ཚ་སོགས་ལ་བརྟག་དཔྱད་དང་ལེགས་སྒྲིག་རགས་ཙམ་བྱས།
ཤེས་རྟོགས་བྱུང་བ་ལྟར་ན། བྲག་ཕུག་ནང་གི་ལྡེབས་རིས་ཀྱི་མཚོན་ཚུལ་གཙོ་བོ་ནི་སྤྱན་རས་གཟིགས་ཕྱག་བཞི་པ་དང་། ཇོ་བོ་ཤཱཀྱ་མུ་ནེ། བླ་མའི་སྐུ་བརྙན། སངས་རྒྱས་སྟོང་སྐུ་དང་སངས་རྒྱས་ཀྱི་འཁྲུངས་རབས། ཆོས་སྐྱོང་སྲུང་མ། སྲོག་ཆགས་དང་རྩི་ཤིང་། བཀྲ་ཤིས་པའི་བྲིས་འབུར་སོགས་བརྗོད་བྱ་ཕུན་སུམ་ཚོགས་པོ་ཡོད། ལྡེབས་རིས་སུ་པོ་ལོའི་ལུགས་ཀྱི་སྒྱུ་རྩལ་གྱི་ཉམས་འགྱུར་ཅུང་མངོན་གསལ་དོད་ཅིང་། སྤྱི་ལོའི་དུས་རབས14པའི་དུས་དཀྱིལ་དུ་བྲིས་པ་ཞིག་ཡིན་པ་ཚོད་དཔག་རགས་ཙམ་ཐུབ་པ་དང་། སྤྱི་ལོའི་དུས་རབས13པའི་དུས་དཀྱིལ་དང་དུས་མཇུག་ཏུའང་ཡིན་སྲིད། ལྡེབས་རིས་དང་ཡོན་རྒྱལ་རབས་སྐབས་ཀྱི་བོད་ལྗོངས་ས་སྐྱ་དགོན་ནས་གཞུང་ཕྱོགས་ས་ཚིགས་མང་ཆེ་བའི་ཁྲོད་ཀྱི་དཔའ་ཤོད་དང་། རི་བོ་ཆེ། བྲག་གཡབ། མཚོ་སྔོན་ནང་ཆེན་བཅས་དང་དེ་བཞིན་ཡུལ་ཤུལ་ལམ་རྒྱུད་དུ་རྙེད་པའི་ལྡེབས་རིས་ཀྱི་ཉམས་འགྱུར་གཞི་རྩའི་ཆ་ནས་གཅིག་མཚུངས་ཡིན། བརྟག་དཔྱད་རུ་ཁག་གིས་ལྡེབས་རིས་ཀྱི་རྨང་གཞིའི་བང་རིམ་སྲབ་མོ་ནས་མ་དཔེ་བླངས་ཏེ་ལྡེབས་རིས་ཀྱི་ལོ་རབས་ལ་སྔར་བས་གཏན་འཁེལ་བྱ་རྒྱུ་ཡིན།
གཞན་ཡང་བྲག་ཕུག་ནང་གི་ཚ་ཚ་ནི་གསར་དུ་བཟོས་པ་ཡིན་པ་དང་ཤིང་གི་ལྷུ་ལག་གི་ལོ་རབས་ཀྱང་སྔ་མོ་མིན། འོན་ཀྱང་ཤུལ་དུ་ལུས་པའི་དཔེ་ཆ་དག་ནི་སྤྱི་ལོའི་དུས་རབས13པ་ནས1997ལོའི་བར་གྱི་དུས་རབས་མི་འདྲ་བའི་ཤུལ་བཞག་རེད།
བཀྲ་ཤིས་དབང་རྒྱལ་གྱིས་བྲག་ཕུག་དེ་དང་ལྷག་པར་དུ་བྲག་ཕུག་གི་ཀོང་བུའི་ལྡེབས་སུ་འབྲུག་དང་ཁྱུང་གི་རི་མོ་རྙེད་པ་དེས་ཡོན་རྒྱལ་རབས་ཀྱི་ཀྲུང་དབྱང་སྲིད་གཞུང་དང་བོད་ལྗོངས་ས་གནས་དབར་གྱི་འབྲེལ་བ་དང་། རྒྱ་བོད་སོགས་མི་རིགས་ཁག་གིས་ས་ཚིགས་ཀྱིས་འབྲེལ་ཐག་བྱས་ནས་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བྱེད་པའི་ལོ་རྒྱུས་སླར་ཡང་བདེན་དཔང་བྱས་ཡོད་པས་ལོ་རྒྱུས་དང་། སྒྱུ་རྩལ། རིག་གཞུང་བཅས་ཀྱི་རིན་ཐང་གལ་ཆེན་ལྡན་ཡོད་ཅེས་བཤད།
རྩོམ་སྒྲིག་པ། སྣང་རྡོར།