ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཐོ་ཚད་ལ་སྨི101.2དང་སྨི99.5ཡོད་པའི་ཤུག་སྡོང་གཉིས་ཤེས་རྟོགས་བྱུང་བ།

སྤེལ་དུས 2023-08-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་ཆོས་སྒྲོན་གྱིས་བསྒྱུར།

             2023ལོའི་ཟླ6པའི་ཚེས7ནས་ཟླ6པའི་ཚེས23ཉིན་བར། ཀྲུང་གོའི་ཤིང་སྡོང་ཆེན་པོ་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མི་ཚོ་བོད་ལྗོངས་ཉིང་ཁྲི་སྤོ་བོ་རྫོང་ཡིད་འོང་ཞང་སོགས་སུ་བསྐྱོད་ནས། བོད་ལྷོའི་ཤུག་སྡོང་ཆེན་པོའི་ཚོགས་སྤྱིའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བདེ་བླག་ངང་ལེགས་གྲུབ་བྱས་ཡོད།
             ཟླ8པའི་ཚེས13ཉིན། ཚན་རིག་རྟོག་ཞིབ་རུ་ཁག་གིས་ལོ་ངོ་སྟོང་གི་ཤུག་སྡོང་ཆེན་པོ་གཉིས་ཁྱབ་བསྒྲགས་བྱས་པ་སྟེ་བོད་ལྷོའི་ཤུག་སྡོང་ཨང་དང་པོ་དང་ཨང་གཉིས་པ་སོགས་ཀྱི་པར་དང་འབྲེལ་ཡོད་གཞི་གྲངས་ཁྱབ་བསྒྲགས་བྱས་ཤིང་། ཤུག་སྡོང་ཆེན་པོའི་པར་ནི་མི་མེད་གནམ་གྲུས་དྲང་འཕྱང་འཕུར་འབེབས་ལག་རྩལ་བརྒྱུད་དེ་པར་བརྒྱབ་རྗེས་འདྲ་པར་སྟོང་ཕྲག་མཉམ་འདྲེས་ཀྱི་བྱ་ཐབས་སྤྱད་ཡོད་པས། མི་དང་ཤུག་སྡོང་ཆེན་པོ་བསྡུར་ཚད་མཚུངས་པའི་ཧང་སངས་བའི་ཕན་འབྲས་ཐོན་ཡོད།

བོད་ལྷོའི་ཤུག་སྡོང་ཨང་དང་པོའི་པར།

བོད་ལྷོའི་ཤུག་སྡོང་ཨང་གཉིས་པའི་པར།
             ཐེངས་འདིའི་བརྟག་དཔྱད་ལས་ཤེས་རྟོགས་བྱུང་བའི་ཤུག་སྡོང་ཆེན་པོའི་ཚོགས་སྤྱིར་མཐོ་ཚད་ཀྱི་བང་རིམ་སྣ་ཚོགས་ཡོད་ཅིང་། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། སྨི80ཡན་གྱི་ཤུག་སྡོང་ཆེན་པོ260ལྷག་ཙམ་ཡོད་པ་དང་སྨི90ཡི་ཤུག་སྡོང་ཆེན་པོ25ཡོད་པ་རེད།
             གསོན་གཟུགས་ཀྱི་མཐོ་ཚད་ལྟར་རྩིས་རྒྱག་པར་གཞིགས་ན། སྨི100རིམ་པའི་ཤུག་སྡོང་ཆེན་པོ་གཅིག་ཡོད་པ་སྟེ་བོད་ལྷོའི་ཤུག་སྡོང་ཨང་དང་པོ་ཡིན་པ་དང་། དེའི་གསོན་གཟུགས་མཐོ་ཚད་སྨི101.2ཡིན་པ་དེ་གོ་ལ་ཧྲིལ་པོའི་མཐོ་གྲས་ཨང་གཉིས་པའི་ཤུག་སྡོང་རིགས་དང་ཨེ་ཤེ་ཡའི་ཤུག་སྡོང་མཐོ་ཤོས་ཡིན། དེའི་རྗེས་ནི་བོད་ལྷོའི་ཤུག་སྡོང་ཨང་གཉིས་པ་ཡིན་པ་དང་གསོན་གཟུགས་ཀྱི་མཐོ་ཚད་སྨི99.5ཡིན་པ་རེད།
             ཆེད་མཁས་པས་ཤུག་སྡོང་གི་ཚངས་ཐིག་དང་ལོ་འཁོར་གྱི་བསྡུར་གྲངས་ལས་དཔག་གཅོད་བྱས་པ་བརྒྱུད་། བོད་ལྷོའི་ཤུག་སྡོང་ཨང་དང་པོའི་ལོ་ཚད་ནི་ལོ1450ཙམ་ཡིན་པ་དང་ཤུག་སྡོང་གི་ཚངས་ཐིག་ནི་ལི་སྨི296ཡིན་པ། བོད་ལྷོའི་ཤུག་སྡོང་ཨང་གཉིས་པའི་ལོ་ཚོད་ནི་ལོ1400ཙམ་ཡིན་པ་དང་ཤུག་སྡོང་གི་ཚངས་ཐིག་ནི་ལི་སྨི288ཡིན་པ་རེད།

ཚན་རིག་རྟོག་ཞིབ་རུ་མི་དང་ཞ་མོན་སློབ་ཆེན་གྱི་དགེ་རྒན་ཀྲེན་ཏ་ཞུང(གཡོན)གིས་ཤུག་སྡོང་ཨང་གཉིས་པར་འཛེགས་བཞིན་པ། ཚན་རིག་རྟོག་ཞིབ་རུ་མི་དང་སྡོང་འཛེག་རྩལ་ཁྲིད་པ་ལིའུ་ཐོན་ཞིས(གཡས)ཤུག་སྡོང་ཨང་དང་པོར་འཛེགས་བཞིན་པ།
             ཤུག་སྡོང་ཆེན་པོའི་གཟུགས་མཚུངས་འདྲ་པར་ནི་ཉེ་རིང་དུ་ཡོད་པའི་བརྟོལ་མཐོང་འགལ་རྐྱེན་མེད་པ་བཟོས་ཏེ། སྤོ་མི་ཐུབ་པའི་ཤུག་སྡོང་ཆེན་པོ་བལྟོས་བཅས་ཀྱི་ཁ་གསལ་དུ་བཏང་ནས་ལྟད་མོ་བའི་མིག་ལམ་དུ་མངོན་ཏེ་མི་དང་ཤུག་སྡོང་ཆེན་པོ་སོགས་ཀྱི་བསྡུར་ཚད་ཉམས་ལེན་ཐུབ་པ་བྱས་ཡོད།
             2019ལོའི་གོང་དུ་པར་དེ་རིགས་རྒྱག་པར་དུས་ཡུན་ཟླ་ཕྱེད་དང་ཐ་ན་ཟླ་གཅིག་འགོར་ཡོད། མི་མེད་གནམ་གྲུའི་ལག་རྩལ་ཟམ་མི་ཆད་པར་འཐུས་ཚང་དུ་ཕྱིན་པ་དང་བསྟུན་ནས། མི་མེད་གནམ་གྲུས་དྲང་འཕྱང་འཕུར་འབེབས་ལག་རྩལ་བརྒྱུད་ནས་པར་བརྒྱབ་རྗེས་པར་བརྒྱ་ཕྲག་མཉམ་འདྲེས་ཀྱི་བྱ་ཐབས་སྤྱད་པས་དཀའ་གནད་དེ་ཐག་གཅོད་ཐུབ་ཡོད།
             ཐེངས་འདིའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་རིང་།ཆ་སྙོམས་ཤུག་སྡོང་ཆེན་པོ་རེར་རྒྱུ་ཆའི་པར1500ནས1700བར་བརྒྱབ་ནས། བོད་ལྷོའི་ཤུག་སྡོང(ཨང་དང་པོ་དང་གཉིས་པ)སོགས་ཀྱི་གཟུགས་མཚུངས་པར་ལེན་ལེགས་གྲུབ་བྱུང་བའི་ཁྲོད། ཤུག་སྡོང་ཨང་གཉིས་པའི་པར་དྭངས་ཚད་དུང་ཕྱུར55ལྷག་ཙམ་ཟིན་ཡོད།

ཀྲུང་གོའི་ཤིང་སྡོང་ཆེན་པོ་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མི་ཚོས་ཤུག་སྡོང་ཆེན་པོའི་འོག་བརྒྱབ་པའི་མཉམ་པར།
             ཤུག་སྡོང་ཆེན་པོ་ཞིག་བརྟན་དུ་གསོ་བར་ལོ་བརྒྱ་ཕྲག་ཁ་ཤས་དང་ཐ་ན་ལོ་སྟོང་ཕྲག་ཁ་ཤས་དགོས་པ་དང་། དེ་ནི་ཞོར་སྐྱེ་རྩི་ཤིང་དང་། འབུ་སྲིན། འོ་འཐུང་སྲོག་ཆགས་ཆུང་གྲས་བཅས་ཀྱི་ཁྱིམ་གཞིས་ཡིན་ལ། འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐད་དོན་སྙིང་ཡང་གལ་ཆེན་ལྡན་ཡོད་པས། ང་ཚོས་མཉམ་དུ་ཀྲུང་གོའི་ཤུག་སྡོང་ཆེན་པོར་སྲུང་སྐྱོབ་བྱེད་དགོས།