ཀ་ཤུལ་སྡེ་བའི་ཡུལ་སྐོར་ཟ་མ་ཟོས་ཀྱིན་ཟོས་ཀྱིན་ཇེ་ཞིམ་ཡིན་ངེས།
སྤེལ་དུས 2023-09-21
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། གཡང་རྒྱལ་ཚེ་རིང་།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀ་ཤུལ་སྡེ་བ་ནི་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི3300ཡོད་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་གི་ནུབ་རྒྱུད་དུ་ཆགས་ཤིང་། སྡེ་བ་ཧྲིལ་པོར་དུད་ཁྱིམ398དང་མི1977ཡོད་པ་དང་། བོད་རིགས་གཙོར་བྱས་པའི་མཐོ་སྒང་གི་འབྲོག་སྡེ་ཞིག་ཡིན།
2003ལོ་ནས་བཟུང་། ཀ་ཤུལ་སྡེ་བས་འབྲོག་དམངས་གཏན་སྡོད་ས་ཚིགས་ཀྱི་སྐྱེ་ཁམས་གནས་སྤོ་དང་། སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་སྡེ་བའི་ཚོད་ལྟའི་ས་ཚིགས་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་དང་། སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ཁག་སྤེལ་བ་བརྒྱུད་ནས། སྡེ་བའི་རྣམ་པ་ལ་སྔར་ན་མེད་པའི་འཕེལ་རྒྱས་ཆེན་པོ་བྱུང་།
ལྷ་མོ་སྐྱབས་ཀྱིས་ཕྱིར་དྲན་བྱས་པ་ལྟར་ན། ཀ་ཤུལ་སྡེ་བ2003ལོ་ནས་བཟུང་འཕོ་འགྱུར་བྱུང་འགོ་ཚུགས་པ་སྟེ། ས་གནས་སྲིད་གཞུང་གིས་རྒྱལ་ལམ213གྱི་འགྲམ་གཉིས་སུ་འབྲོག་དམངས་གཏན་སྡོད་ཁང་པ་བརྒྱབ་པར་མ་ཟད། ཆུ་གློག་ལམ་གསུམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ། འབྲོག་པ་རྣམས་རི་ནས་འབབ་པར་སྐུལ་མ་བཏང་།
ཉེ་བའི་ལོ་ཤས་རིང་ལ། ཏང་དང་རྒྱལ་ཁབ་ཀྱི་རོགས་སྐྱོབ་འོག་ཏུ། ཀ་ཤུལ་སྡེ་བས་སྐྱེ་ཁམས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གང་ལེགས་བཏང་ནས། འབྲོག་སྡེ་ནས་ཡུལ་སྐོར་གྲོང་སྡེ་རུ་གྱུར་ཡོད་པ་དང་། སྐྱེ་ཁམས་ཡུལ་སྐོར་གྱི་བགྲོད་ལམ་བརྒྱུད་དེ་འབྲོག་པ་རྣམས་ཀྱིས་ཡུལ་སྐོར་ཟ་མ་ཟ་ཐུབ་པར་གྱུར་ཡོད་པས། དངོས་ནས་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རིར་བསྒྱུར་ཡོད། ལྷག་པར་དུ2019ལོ་ནས་བཟུང་སྟེ་རྒྱལ་ཁབAAAAརིམ་པའི་བོད་ཁྱིམ་རིག་གནས་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་བཙུགས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གནོད་མེད་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ཡོད། མ་འོངས་པར་ཀ་ཤུལ་སྡེ་བའི་སྐྱེ་ཁམས་བགྲོད་ལམ་སོང་གིན་སོང་གིན་ཇེ་རིང་དང་། ཡུལ་སྐོར་ཟ་མ་ཟོས་ཀྱིན་ཟོས་ཀྱིན་ཇེ་ཞིམ་ཡིན་པ་གདོན་མི་ཟའོ། །
རྩོམ་སྒྲིག་པ། རིག་གྲོལ།