ཟླ་9ཚེས་19ཉིན། བོད་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གླེང་སྟེགས་ལྷ་སར་འགོ་ཚུགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གླེང་སྟེགས་ལ་ཞུགས་ནས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བཞིན་པ།
ཟླ་9ཚེས་19ཉིན། བོད་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གླེང་སྟེགས་ལྷ་སར་འགོ་ཚུགས་ཤིང་། འདི་ནི་གླེང་སྟེགས་གཉེར་ཡུལ་ཡིན་པ།
ཚེས་19ཉིན། བོད་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གླེང་སྟེགས་ལྷ་སར་འགོ་ཚུགས་ཤིང་། ཚོགས་ཞུགས་སྐུ་མགྲོན་ཚོས“ཀྲུང་ཧྭ་ཡི་བླ་སྲོག་བརྟན་འཛུགས་ཀྱིས། དཔེ་བཟང་ཁུལ་མཉམ་དུ་འཛུགས་གཏོད་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་བགྲོ་གླེང་གཏིང་ཟབ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག བསམ་བློའི་ཐུན་མོང་ངོས་འཛིན་གཅིག་སྒྲིལ། བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བཅས་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གླེང་སྟེགས་ལ་ཕེབས་ནས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་ཞུགས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ་རེད།
རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཏོན་དབྱི་ཅུན་གྱིས་ཤིས་ཚིག་བསྒྲོན་པ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་དང་ལྷན་དུ་རྒྱལ་ཁབ་ཀྱི་པུའུ་ཨུད་བཞིའི“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཞིབ་འཇུག་རྟེན་གཞིའི”སྒོ་བྱང་གི་ཡོལ་བ་ཕྱེ་གནང་བ་རེད།
ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་གླེང་སྟེགས་ལ་ཞུགས་མཁན་འགོ་ཁྲིད་དང་། སྐུ་མགྲོན། གྲོགས་པོ་བཅས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཚང་མས་དུས་ཡུན་རིང་པོའི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་གཞི་ཚུགས་ཏེ། གནའ་དེང་གི་འགྱུར་ལྡོག་ལ་ཞིབ་བཤེར་དང་དུས་རབས་ཀྱི་རྣམ་པར་རྟོག་ཞིབ་གནང་ནས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས”ཞེས་པའི་ཐོག་མའི་གསར་རྩོམ་རང་བཞིན་གྱི་ཆོད་གཏམ་གལ་ཆེན་དེ་བཏོན་གནང་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་གཏིང་ཟབ་ཆུད་པ་དང་། བོད་ཀྱི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པ།ཚན་རིག་དང་མཐུན་པའི་ངང་བོད་ཀྱི་མི་རིགས་ལས་དོན་གྱི་ཆོས་ཉིད་ཁོང་དུ་ཆུད་པ་བཅས་བྱས་ཏེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་འབད་བརྩོན་བྱེད་དགོས”ཞེས་པའི་འབད་འཐབ་ཀྱི་དམིགས་ཚད་བཏོན་ནས་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་རྒྱུན་ཆད་མེད་པར་ཡར་རྒྱས་གསར་པ་ཡོང་བ་དང་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཐུགས་རེ་ཟབ་མོ་གནང་བ་ཞིག་རེད་ལ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་བོད་ཀྱིས་འཁུར་དགོས་ངེས་ཀྱི་འགན་འཁྲི་ཞིག་ཀྱང་རེད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བློ་ལ་བརྟན་པོར་ངེས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་ཐོག་སྐྱོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་དམ་པོར་བཟུང་ནས་ཐུན་མོང་རང་བཞིན་དང་། ཁྱད་པར་རང་བཞིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང་མི་རིགས་ཁག་གི་འདུ་ཤེས། ཀྲུང་ཧྭའི་རིག་གནས་དང་མི་རིགས་ཁག་གི་རིག་གནས། དངོས་པོ་དང་བསམ་པའི་འབྲེལ་བ་བཅས་ལ་སྟངས་འཛིན་ཡང་དག་བྱས་ཏེ་ཕུགས་འཕེར་གྱི་ཇུས་གཞི་མང་ཙམ་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱོད་པ། ཁྱབ་ཁོངས་སྔར་བས་རྒྱ་ཆེ་བ་དང་། རིམ་པ་སྔར་བས་ཟབ་པ། ཐབས་ལམ་སྔར་བས་མང་བ་བཅས་ནས་མི་རིགས་ཁག་གི་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་འཁུར། མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་ཀྱི་ཐུན་མོང་གི་འདུ་ཤེས་བརྟན་པོར་འཛུགས་པ་དང་། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མོས་སེམས་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་འབད་བརྩོན་བྱེད་དགོས།
ཝང་ཅུན་ཀྲེང་གིས་གསུངས་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་ལས་དོན་ཡག་པོ་སྒྲུབ་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་གཏོང་དགོས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་མི་རིགས་ལས་དོན་ཡག་པོ་སྒྲུབ་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་དངོས་པོའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ། བོད་ཀྱི་ས་བབ་ཀྱི་ལེགས་ཆ་དང་། སྲིད་ཇུས་ཀྱི་ལེགས་ཆ། རྗེས་ཐོན་གྱི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ་བཅས་ལ་ངོས་འཛིན་ཡང་དག་བྱས་ཏེ་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དགོས།
ཐུན་མོང་ཐོག་འབད་འཐབ་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་ནས་མི་རིགས་ལས་དོན་ཡག་པོ་སྒྲུབ་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྤྱི་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བྱེད་སྒོ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། ཕན་ཚུན་ཕྲ་བཏབ་པ་ལྟ་བུའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་ཧུར་ཐག་གཏོད་པ་བཅས་བྱས་ནས། ཕན་ཚུན་རོགས་རེས་བྱེད་རིང་མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་པ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པར་སྐུལ་འདེད་གཏོང་དགོས།
ཁྲིམས་ལྟར་བོད་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་མི་རིགས་ལས་དོན་ཡག་པོ་སྒྲུབ་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲིམས་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། མི་རིགས་ལས་དོན་གྱི་ས་གནས་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱེད་པ། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་ཟབ་ཏུ་གཏོང་བ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་བཅའ་ཁྲིམས་ལ་བརྟེན་ནས་མེས་རྒྱལ་གཅིག་གྱུར་དང་། རྒྱལ་ཁབ་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་བཅས་འགན་ལེན་དང་སྲ་བརྟན་དུ་གཏོང་དགོས།
མི་རིགས་ཁག་གི་མང་ཚོགས་ཀྱི་བྱེད་པོའི་འདུ་ཤེས་ཟབ་ཏུ་བཏང་ནས་མི་རིགས་ལས་དོན་ཡག་པོ་སྒྲུབ་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། མི་རིགས་ཁག་གི་མང་ཚོགས་ལ“བདག་པོའི”སྙིང་སྟོབས་འཛུགས་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ནང་ཞུགས་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཝང་ཅུན་ཀྲེང་གིས། ད་ཐེངས་ཀྱི་གླེང་སྟེགས་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་བསམ་བློ་སྤེལ་རེས་ཀྱི་ཚོགས་ཆེན་ཞིག་ཡིན་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་དགེ་མཚན་ལྡན་པའི་སྐུལ་འདེད་ནུས་པ་ཐོན་ངེས་རེད། སྐུ་མགྲོན་རྣམ་པ་དང་གྲོགས་པོ་རྣམ་པས་བོད་དུ་གཟིགས་སྐོར་ལ་མང་ཙམ་ཕེབས་ནས་བོད་དྲིལ་བསྒྲགས་དང་བོད་ངོ་སྤྲོད་ཧུར་ཐག་གནང་སྟེ་འཛམ་གླིང་གིས་བོད་ལ་ཤེས་རྟོགས་དེ་བས་ལེགས་པ་དང་བོད་འདི་ཉིད་འཛམ་གླིང་གི་ཕྱོགས་སུ་གང་མགྱོགས་སྐྱོད་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་སྐབས། ང་ཚོས་ད་ཐེངས་ཀྱི་གླེང་སྟེགས་གོ་སྐབས་སུ་བྱས་ནས་ཀྲུང་ཧྭ་ཡི་བླ་སྲོག་སྔར་བས་བརྟན་པོ་འཛུགས་པ་དང་དཔེ་བཟང་ཁུལ་འཛུགས་གཏོད་ཡག་པོ་བྱེད་པ་དང་། ཀུན་སེམས་གཅིག་སྒྲིལ་དང་དྲང་ནུས་གཅིག་སྡུད་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ལོ་རྒྱུས་ཀྱི་རྒྱང་ལམ་གསར་པར་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་གྱི་ཡིན་ཞེས་གསུངས་པ་རེད།
ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ཀན་ཧྲི་དགྲ་འདུལ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན་སོགས་གླེང་སྟེགས་ལ་ཞུགས་ཡོད་པ་རེད།
འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།