ཟླ11པའི་ཚེས26ཉིན། རང་རྒྱལ་གྱི《དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བའི་འཆར་འགོད》ཁྲོད་ཀྱི་ཡུན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཏེ། ཡུན་ནན་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དངོས་སུ་ཤར་གཏོང་བྱས། མེ་འཁོར་དེ་སེམས་ཀྱི་ཉི་ཟླ་ནས་འགོ་བཟུང་ཏེ་མཇུག་མཐའི་འབབ་ཚུགས་ཁུན་མིང་ལ་ཐོག་དང་པོར་སྐྱོད་པ་རེད། མེ་འཁོར་ཤར་གཏོང་ཐུབ་པ་དང་བསྟུན་ནས་ཡུན་ནན་བདེ་ཆེན་ཁུལ་དུ་ལྕགས་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་དེ་དངོས་སུ་མཇུག་སྒྲིལ་བ་རེད།
ཡུན་བོད་ལྕགས་ལམ་གྱི་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་གྲགས་ཅན་མཛེས་ལྗོངས་ཁུལ་མང་པོ་ཡུག་གཅིག་ཏུ་འབྲེལ་བར་བརྟེན། སྐྱེ་བོ་ཚང་མས“མཛེས་པའི་ཡུན་ལིང་ལྕགས་ལམ”ཞེས་བརྗོད་ཀྱི་ཡོད། འགྲིམ་འགྲུལ་གྱི་སྟབས་བདེ་ལ་ལོངས་སྤྱོད་དང་། མཛེས་ལྗོངས་ལ་རོལ་མྱོང་བྱེད་པའི་དུས་མཚུངས་སུ། ང་ཚོས་འཛུགས་སྐྲུན་པ་ཁྲི2ལྷག་ཙམ་གྱིས་ལོ9ཡི་རིང་ལ་ལས་གནས་བརྟན་སྲུང་བྱས་པར་ཐུགས་རྗེ་ཆེ་ཞུ་དགོས།

དྲག་ཏུ་རྒྱུག་པའི་འབྲི་ཆུའི་ངོགས་ནས་སེམས་ཀྱི་ཉི་ཟླའི་ཕྱོགས་སུ་སྐྱོད་ཚེ། ཟམ་ཆེན་སྔོན་མོ་ཞིག་མིག་ལམ་དུ་ཁྲ་ལྷམ་མེར་མངོན་གྱི་ཡོད་ཅིང་། དེ་ནི་གངས་རི་ཡི་ཉེ་སར་གནས་པའི་ལྕགས་ཀྱི་གཡུ་འབྲུག་སྔོན་མོ་ཞིག་འབྲི་ཆུ་སྔོན་མོ་ལ་འཕྲེད་ཀྱིས་བརྒལ་བ་དང་གཉིས་སུ་མ་མཆིས། དེ་ནི་ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་གྱི་འབྲི་ཆུའི་ཟམ་པ་ཆེ་ཤོས་དེ་ཡིན་ལ། རང་རྒྱལ་གྱི་སྐྲུན་པའི་བརྒལ་ཐག་རིང་ཤོས་ཀྱི་ལྕགས་ལམ་ཆེད་སྤྱོད་དཔྱང་ཟམ་ཐོག་མ་དེ་ཡིན། ཟམ་པའི་རིང་ཚད་ལ་སྨི882.5དང་། གཙང་ཆུའི་ངོས་ནས་ཟམ་པའི་བར་གྱི་མཐོ་ཚད་ལ་སྨི250ལྷག་ཙམ་ཡོད། ཟམ་ཆེན་སྐྲུན་ཟིན་པ་དང་ངོགས་གཉིས་ཀྱི་ལམ་བུ་ཤར་གཏོང་ཐུབ་པས། གཞོགས་གཉིས་ཀྱི་གཡུ་ལུང་གངས་རིའི་ཕུག་ལམ་དང་ཧ་པ་གངས་རིའི་ཕུག་ལམ་སྦྲེལ་མཐུད་ཐུབ་པ་བྱུང་ཡོད། ཕུག་ལམ་དེ་གཉིས་ནི་དཀའ་གནད་ཆེ་བ་དང་ཚོད་འཛིན་རང་བཞིན་ལྡན་པའི་ལས་གྲྭ་ཞིག་རེད།

ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ་ལིའུ་ཝུན་ཅེ་ཡིས། ད་ཆ་ནི་ཟླ5པའི་ཚེས10ཉིན་ཡིན་ཞིང་། བཟོ་པ་ཚོས་ད་ལྟ་སྒྲུབ་བྱེད་བཞིན་པའི་ལས་ཀ་ནི་ཕུག་ལམ་གྱི་ལྕགས་མདོང་གཏོར་ནས་བརྗེ་སྤོར་བྱེད་པ་དེ་རེད། ད་ཆ་ལས་ཀ་ལ་མཐའ་མའི་སྨི30ལས་ལྷག་མེད་པས། ཕུག་ལམ་ཧྲིལ་པོ་བསྐྲུན་པའི་མཐའ་མའི་དུས་མཚམས་སུ་སླེབས་ཡོད་ཅེས་བརྗོད་ཆོག

ཧ་པ་གངས་རིའི་ཕུག་ལམ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་། གློ་བུར་གྱི་འདམ་དང་ཆུ་རུད་ཆེ་ཆུང་སོགས་ཉེན་ཁ་ཆེ་བའི་གནས་ཚུལ་སྣ་ཚོགས་ཐོན་པ་མ་ཟད། དམིགས་བསལ་གྱི་ས་གཤིས་དབང་གིས་དབྱིབས་གཟུགས་ལ་འགྱུར་བ་ཆེན་པོ་ཐེབས་ནས། ཕུག་ལམ་གྱི་ས་དོང་དག་ཉིན་རེ་རེ་ཅུང་མགྱོགས་པའི་ངང་དྲུས་ཟིན་པའི་ཕྱོགས་སུ་བཙིར་གནོན་བྱེད་ཀྱི་ཡོད། 2015ལོར་འཛུགས་སྐྲུན་གྱི་འགོ་བརྩམས་སྐབས། ཧ་པ་གངས་རིའི་ཕུག་ལམ་དུ་ཨར་ལས་བྱ་ཡུལ3ཡོད་པ་དང་། དབྱིབས་གཟུགས་འགྱུར་འགྲོ་བའི་ཤུགས་རྐྱེན་འོག་ཨར་ལས་བྱ་ཡུལ22བར་མང་དུ་ཕྱིན་ཡོད། ད་ལོའི་ཟླ7པའི་ཚེས8ཉིན་ཁྱོན་རིང་ཚད་སྨི9523ཡོད་པའི་ཧ་པ་གངས་རིའི་ཕུག་ལམ་གཞི་ནས་ཤར་གཏོང་ཐུབ་ཅིང་། དེ་ནི་ལམ་ཐིག་ཧྲིལ་པོར་ཤར་གཏོང་ཐུབ་པའི་ཕུག་ལམ་མཐའ་མ་དེ་ཡིན་པས་རྗེས་མཐུད་ཀྱི་ཨར་ལས་ལ་རྨང་གཞི་བཏིང་ཡོད། ཟླ་བ་གཉིས་ཀྱི་རྗེས་སུ། ལྕགས་ལམ་བཏིང་བའི་ལས་དོན་དེ་སེམས་ཀྱི་ཉི་ཟླའི་འབབ་ཚུགས་ནས་ལེགས་གྲུབ་བྱུང་བ་དང་། ལམ་ཐིག་ཧྲིལ་པོ་འཁོར་ལམ་ལེགས་སྒྲིག་དང་གློག་ཤུགས་དང་འཕྲིན་གཏོང་སོགས“གློག་བཞིའི”ལས་གྲྭ་སྐྲུན་པའི་དུས་མཚམས་སུ་སླེབས། དེ་ནི་ལྕགས་ལམ་ཤར་གཏོང་མ་བྱས་གོང་གི་མཇུག་བསྡུའི་ལས་གྲྭ་ཞིག་ཀྱང་རེད།
ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཡུན་ནན་ནུབ་རྒྱུད་ལྕགས་ལམ་འཛུགས་སྐྲུན་བཀོད་འདོམས་པུའི་བཀོད་འདོམས་དཔོན་ཀྲང་མིན་ཡིང་གིས། ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་དེ་ཉིད་ནི་ས་མཐོའི་གངས་རིའི་ས་ཁུལ་ལ་བརྒྱུད་དགོས་པས་ལམ་རྒྱུད་ཀྱི་ས་དབྱིབས་འབར་འབུར་ཆེ་བ་དང་། ལམ་ཐག་རིང་བ་དང་ཐུར་གཟར་པོ་དེ་འདྲ་ནི་རྒྱལ་ནང་གི་ལྕགས་ལམ་རྣམ་གྲངས་སུ་མཐོང་དཀོན་པ་ཞིག་རེད། འཛུགས་སྐྲུན་བྱེད་པའི་རིང་། ང་ཚོས་འབྲི་ཆུའི་ངོགས་གཉིས་ཀྱི་གཡུ་ལུང་གངས་རིའི་ཕུག་ལམ་དང་། ཧ་པ་གངས་རིའི་ཕུག་ལམ་གྱི་ས་མཐོའི་འཐེན་ཤུགས་ཆེ་ལ་དབྱིབས་འགྱུར་སླ་བའི་ས་གཤིས་ཀྱི་དཀའ་གནད་སྒྲོལ་ནས། སླད་ཕྱིན་ས་མཐོའི་ལྕགས་ལམ་སྐྲུན་པར་ཤེས་ལྡན་པ་དང་རྩ་ཆེའི་ཉམས་མྱོང་བསགས་ཡོད།