ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། “ཨེ་ཤ་ཡའི་ཁྱད་ཆོས། ཀྲུང་གོ་ཡི་ཕུགས་འདུན། ལིན་ཚང་གི་བརྩེ་བ”ཞེས་པ་བརྗོད་གཞིར་བྱས་པའི་ཨེ་ཤ་ཡའི་གློག་བརྙན་ཐུང་གྲས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་ཡུན་ནན་ཞིང་ཆེན་ལིན་ཚང་གྲོང་ཁྱེར་དུ་བསྡུས། མཛད་སྒོའི་སྟེང་དུ་རྒྱལ་ཁབ་ཕྱི་ནང་ནས་འབྱོར་བའི་བརྩམས་ཆོས2874ཡི་ཁྲོད་དུ་ཆེད་ལས་མཁས་པས་དཔྱད་འདེམས་བྱས་པ་བརྒྱུད། བརྩམས་ཆོས848བདམས་ཐོན་བྱུང་ཞིང་། དེའི་ཁྲོད་བརྩམས་ཆོས་ལེགས་ཤོས158དང་། ཕུལ་བྱུང་བརྩམས་ཆོས307དང་། བརྩམས་ཆོས་བཟང་བོ383བཅས་བདམས་ཐོན་བྱུང་ལ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་སེ་འབྲུ་གློག་བརྙན་སྨྱན་སྦྱོར་ལས་སྒྲུབ་ཁང་གིས་ཕབ་སྐྲུན་བྱས་པའི་དངོས་བཤུས་གློག་བརྙན་ཏེ། 《བདག་གི་རྟ་ཕོ》ཞེས་པ་ལ་དུས་རབས་བརྙན་རིས་ཚན་པའི“ཕུལ་བྱུང་བརྩམས་ཆོས”ཀྱི་བྱ་དགའ་ཐོབ་ཅིང་། དེ་ནི་ཐེངས་འདིར་མཚོ་སྔོན་ཞིང་ཆེན་གྱི་གློག་བརྙན་ཐུང་གྲས་ལ་བྱ་དགའ་ཐོབ་པའི་བརྩམས་ཆོས་གཅིག་པུ་རེད།
བྱ་དགའ་སྤྲོད་པའི་ཡུལ་དངོས།
ཨེ་ཤ་ཡའི་ས་ཕྱོགས་སོ་སོ་ནས་ཐོན་པའི་འཁྲབ་ཁྲིད་པ་གྲགས་ཅན་དང་། སྒྱུ་རྩལ་པ་གྲགས་ཅན། གློག་བརྙན་ལས་རིགས་ལ་མོས་པ་ཆེ་བའི་སྐུ་མགྲོན་རྣམས་བཅས་ལིན་ཚང་གྲོང་ཁྱེར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོའི་སྟེང་དུ་མཉམ་འཛོམས་བྱས་ཏེ། “ཨེ་ཤ་ཡའི་ཁྱད་ཆོས་དང་ཀྲུང་གོ་ཡི་ཕུགས་འདུན། ལིན་ཚང་གི་བརྩེ་བ”ཞེས་པ་བརྗོད་བྱར་བྱས་པའི་ཨེ་ཤ་ཡའི་གློག་བརྙན་ཐུང་གྲས་སྒྱུ་རྩལ་དུས་ཆེན་གྱི་བྱ་དགའི་སྤྲོ་ཚོགས་ལ་མཉམ་དུ་རོལ་ཞིང་། དགོང་ཚོགས་མཇུག་གྲོལ་རྗེས་སུ། མུ་མཐུད་དུ་རིག་གནས་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། གློག་བརྙན་ཐུང་གྲས་གསར་རྩོམ་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་སྐོར་ནས་འཆད་ཁྲིད་དང་ཞིབ་འཇུག་བཞུགས་མོལ་གྲོས་ཚོགས་བསྡུས་པ་མ་ཟད། ད་དུང་སློབ་ཆེན་སློབ་མའི་འཆད་ཁྲིད་བྱ་འགུལ་སྤེལ་ནས། ལས་རིགས་གཅིག་པའི་མི་སྣ་གྲགས་ཅན་དང་། ཆེད་མཁས་པ། སློབ་ཆེན་སློབ་མ་བཅས་གདན་འདྲེན་ཞུས་ཏེ་བསམ་བློ་བརྗེ་རེས་བྱས།
གཙོ་སྒྲུབ་ལས་ཁུངས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་ཨེ་ཤ་ཡའི་གློག་བརྙན་ཐུང་གྲས་སྒྱུ་རྩལ་དུས་ཆེན་ནི་སྐབས་སྔོན་མ་དང་བསྡུར་ན་བརྩམས་ཆོས་བསྡུ་རུབ་རྒྱལ་སྤྱི་ཅན་དང་། བརྩམས་ཆོས་སྤུས་ཀ་ཆེད་ལས་ཅན། བརྩམས་ཆོས་བྱ་འགུལ་ཐོན་ལས་ཅན་བཅས་ཀྱི་དགེ་མཚན་མངོན་ཡོད་པ་དང་། བརྩམས་ཆོས་ལ་ཁྱོན་བསྡོམས་བརྗོད་གཞིའི་སྡེ་ཚན་བཅུ་དང་། དེའང་ཆེད་ལས་ལས་རིགས་ཀྱི་སྡེ་ཚན་གསུམ་དུ་དབྱེ་ཡོད་ལ། རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་བཏོན་ནས་ལོ་འཁོར་བཅུ་ལོན་པ་དང་། ལང་ཚོའི་སྟོབས་མངོན་པ། གྲོང་གསེབ་དར་རྒྱས་ཀྱི་སོགས་ཁྱབ་ཁོངས་ནང་གི་བརྗོད་བྱ་གཙོ་བོ་དག་གལ་ཆེན་དུ་བཟུང་ཡོད།
རྒྱུས་ལོན་པ་ལྟར་ན། 2013ལོ་ནས་བཟུང་། ཀྲུང་གོའི་ཡུན་ནན་ལིན་ཚང་གྲོང་ཁྱེར་དུ་ཨེ་ཤ་ཡའི་གློག་བརྙན་ཐུང་གྲས་སྒྱུ་རྩལ་དུས་ཆེན་སྐབས་དགུ་བདེ་བླག་ངང་གཉེར་ཞིང་། སྐབས་འདི་དག་གི་རིང་ལ། འཛམ་གླིང་གི་ས་གནས་ཁག་ནས་འབྱོར་བའི་འགྲན་ཞུགས་བརྩམས་ཆོས་བསྡོམས་པས31327བསྡུ་རུབ་བྱས་ཟིན་པས། ཡུན་ནན་ལིན་ཚང་གྲོང་ཁྱེར་དུ་སྤེལ་བའི་ཨེ་ཤ་ཡའི་གློག་བརྙན་ཐུང་གྲས་སྒྱུ་རྩལ་དུས་ཆེན་ནི་ཀྲུང་གོའི་གློག་བརྙན་ཐུང་གྲས་སྒྱུ་རྩལ་དར་རྒྱས་དང་གོང་འཕེལ་གྱི་ཚད་གཞི་ཞིག་ཏུ་གྱུར་ཡོད།
བདག་གི་རྟ་ཕོ་ཞེས་པའི་གློག་བརྙན་གྱི་བརྡ་ཁྱབ།
གཡང་ཟོག་རྟ་ནི་འབྲོག་པའི་འཚོ་བའི་ཁྲོད་ན་ཆེས་མཆོག་ཏུ་གྱུར་བའི་སྲོག་ཆགས་རྩ་ཆེན་ཞིག་ཡིན་ལ། རྟའི་རིག་གནས་དང་འབྲོག་པའི་རིག་གནས་ནི་འོ་ཆུ་བཞིན་གཅིག་ཏུ་འདྲེས་ཡོད། དེ་ཡང་གཡང་ཟོག་རྟ་ལ་བཀྲ་ཤིས་རྟེན་འབྲེལ་གྱི་སྔ་ལྟས་མཚོན་པའི་བསམ་པའི་དཔལ་ཡོན་གྱི་རིན་ཐང་ལྡན་པ་ཇི་བཞིན《བདག་གི་རྟ་ཕོ》ཞེས་པའི་བརྩམས་ཆོས་འདིའི་ནང་དུའང་སྨོན་འདུན་དང་། གསོལ་འདེབས། གྲུབ་འབྲས་ཐོབ་པ་སོགས་ཀྱི་མཚོན་བྱེད་རང་བཞིན་གྱི་དོན་སྙིང་ཚུད་ཡོད། བརྩམས་ཆོས་དེའི་ནང་དུ་ཐེམ་ཆེན་རྫོང་གི་རྟ་བདག་གསེར་བཟང་སྐྱབས་ཀྱིས་རྟ་གསོ་བའི་མི་ཚེའི་མྱོང་བརྗོད་པ་བརྒྱུད་ནས། ཐེམ་ཆེན་རྫོང་གི་རྟ་མཆོག་རིག་གནས་ཀྱི་སྣ་མང་རང་བཞིན་དང་ཐུན་མོང་མ་ཡིན་པའི་རང་བཞིན་གླེང་བ་བརྒྱུད་དེ། འབྲོག་པ་མང་ཚོགས་ཀྱིས་དཔའ་ངར་ཞུམ་མེད་ཀྱིས་འཚོ་བའི་དཀའ་སྡུག་ལ་གདོང་གཏོད་པའི་འགྱུར་མེད་ཀྱི་སྙིང་སྟོབས་བརྗོད་ཡོད།
ཀྲུང་དབྱང་ཞིན་ཡུན་གློག་བརྙན་སྡེ་ཚོགས་ཀྱི་གློག་བརྙན་ཐུང་གྲས་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རིན་ཀྲིན་ཙི་ན་རེད། ལོ་ངོ་བཅུ་ཡི་ནང་དུ། ཨེ་ཤ་ཡའི་གློག་བརྙན་ཐུང་གྲས་སྒྱུ་རྩལ་དུས་ཆེན་ནི་ཡ་གླིང་གི་གློག་བརྙན་ཐུང་གྲས་དུས་ཆེན་གྱི་ཡང་རྩེར་བསླེབས་ཡོད་ལ། མིག་སྔའི་བར་དུ། ཀྲུང་གོ་རུ་ཤུགས་རྐྱེན་ཆེ་ཤོས་དང་། དབང་གྲགས་མཐོ་ཤོས། མཚན་སྙན་ལྡན་ཤོས་བཅས་ཀྱི་གདེང་འཇོག་བཟང་པོ་ཐོབ་པའི་གློག་བརྙན་ཆུང་གྲས་ཀྱི་བྱེད་སྒོ་ཞིག་ཞེས་བསྟན།
རྩོམ་སྒྲིག་པ། རིག་གྲོལ།