ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ11པའི་ཚེས29ཉིན། བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་བོད་རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་གསོལ་མགྲོན་ཁང་ལས་རིགས་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི་ལྗོངས་ཡོངས་ཀྱི་བོད་ཟས་ལས་བཟོའི་རྩལ་ནུས་འགྲན་བསྡུར་ཆེན་མོ་དེ་ལྷ་ས་གསོལ་མགྲོན་ཁང་དུ་གཉེར་བ་དང་བོད་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་ནས་ཡོང་བའི་བདམས་ཐོན་པ48འགྲན་བསྡུར་ནང་ཞུགས་པ་རེད།
འགྲན་བསྡུར་གྱི་ཡུལ་དངོས།
བོད་ཐུག་དང་། བོད་བཟོའི་རྒྱ་ཁོག རྩམ་པ། ཚགས་ཤ། ཇ་བསྲུབས་མ། ཤ་མོག་མོག ཞོ་སོགས་ཚང་མས་དགའ་བསུ་ཐོབ་པའི་བོད་ཟས་འདི་དག་ནི་བོད་ལྗོངས་ཀྱི་མི་སེར་ཚོས་སྐུ་མགྲོན་ལ་སྣེ་ལེན་ཞུ་བའི་བཟའ་བཅའ་གལ་ཆེན་ཞིག་ཡིན་ལ། བོད་རིགས་ཀྱི་ཉམས་འགྱུར་དང་དམངས་སྲོལ་རིག་གནས་ངོམས་པའི་སྐར་ཁུང་གལ་ཆེན་ཞིག་ཀྱང་རེད།
འགྲན་བསྡུར་གྱི་ཡུལ་དངོས།
འགྲན་བསྡུར་གྱི་ཡུལ་དངོས།
འགྲན་བསྡུར་གྱི་ཡུལ་དངོས།
བོད་རིགས་ཀྱི་ཁྱད་ཆོས་དང་བོད་ལྗོངས་རང་གི་ཁྱད་ཆོས་ལྡན་པའི་བོད་ཟས་གཡོས་སྦྱོར་འགྲན་བསྡུར་གྱི་ཡུལ་དངོས་སུ། འགྲན་བསྡུར་ནང་ཞུགས་མཁན་གྱི་བདམས་ཐོན་པ་ཚོས་རེས་སྐོར་གསུམ་ལ་དབྱེ་ནས་འགྲན་བསྡུར་བྱས་ཤིང་། འགྲན་བསྡུར་ནང་ཞུགས་མཁན་གྱི་བདམས་ཐོན་པས་གཏན་འབེབས་བྱས་པའི་དུས་ཚོད་ནང་བོད་བཟོའི་གཡོས་སྦྱོར་བྱེད་ཐབས་སམ་ཡང་ན་བོད་ལྗོངས་རང་གི་ཁྱད་ལྡན་བཟའ་བཅའ་སྤྱད་པའི་ཚལ་རིགས་སྣ་ཁ2དང་། དམིགས་འཛུགས་བྱས་པའི་ཚལ་རིགས1དང་། རང་རེས་བདམས་པའི་ཚལ་རིགས1བཅས་བཟོ་དགོས།
འགྲན་བསྡུར་གྱི་ཡུལ་དངོས་སུ་བདམས་ཐོན་པ་ཚོས་རང་ཉིད་ཀྱི་གཡོས་སྦྱོར་རྩལ་ནུས་དང་དེ་བཞིན་བོད་ལྗོངས་ཀྱི་ས་ཁོངས་ཁྱད་ཆོས་དང་དམངས་སྲོལ་རིག་གནས་སོགས་དང་ཟུང་འབྲེལ་བྱས་ནས་གསར་གཏོད་གཡོས་སྦྱོར་བྱས་ཏེ་འགྲན་བསྡུར་ཡུལ་དངོས་སུ་འཁྲུག་ཆ་དོད་ལ་གོ་རིམ་ལྡན་པ་ཞིག་ཡོད། རྒྱུ་ཆ་དང་། གཡོས་སྦྱོར། འཚོ་བཅུད་སྡེབ་སྒྲིག་བྱེད་པ་ནས་སྡེར་ངོས་ཇུས་འགོད་བྱེད་པ་སོགས་བདམས་ཐོན་པ་ཚོས་ནུས་པ་ཡོད་ཚད་བཏོན་ནས་འགྲན་བསྡུར་ཡུལ་དངོས་ཀྱི་ལྟད་མོ་བ་ཚོར་ངོ་མཚར་ཆེ་བའི་ཚལ་རིགས་མང་པོ་བཟོས་པ་དང་ལྟད་མོ་བ་ཚོས་བསྔགས་བརྗོད་ཡང་ཡང་བྱས་པ་མ་ཟད། ལག་ཐོགས་ཁ་པར་ནས་པར་ཡང་ཡང་རྒྱག་བཞིན་ཡོད།
ལྟད་མོ་བས་ཞིམ་ཟས་ལ་པར་ཡང་ཡང་རྒྱག་བཞིན་པ།
ལོ32ལ་སླེབས་པའི་བྱམས་པ་བློ་བསྟན་ནི་ཉིང་ཁྲི་གྲོང་ཁྱེར་ཧུང་ཆའོ་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭའི་མ་བྱན་གྱི་དགེ་རྒན་ཞིག་ཡིན་པ་དང་ད་ལོ་ནི་ཁོང་གིས་གཡོས་སྦྱོར་སློབ་ཁྲིད་བྱས་པའི་ལོ8པ་དེ་ཡིན་པ་དང་། འགྲན་བསྡུར་མ་བྱས་གོང་ཁོང་སྔོན་དུ་རྒྱུགས་རར་ཡོང་ནས་འགྲན་བསྡུར་གྱི་བརྒྱུད་རིམ་ལ་རྒྱུས་མངའ་བྱས་པ་རེད། “འགྲན་བསྡུར་ཁྲོད་ངས་རང་ཉིད་ཀྱི་མ་བྱན་ལག་རྩལ་ངོམས་ཐུབ་པ་མ་ཟད། ད་དུང་རང་ཉིད་ཀྱི་ཆུ་ཚད་ལ་ཞིབ་དཔྱད་བྱེད་ཐུབ་བྱུང”ཞེས་བྱམས་པ་བློ་བསྟན་གིས་བཤད་པ་དང་། ཁོང་གིས་ད་དུང “མ་བྱན་གྱི་ལས་ཀ་ནི་ང་ཚོའི་རྒྱུན་གཏན་གྱི་འཚོ་བ་དང་འབྲེལ་བ་ཆེན་པོ་ཡོད། ང་རང་གི་བསམ་པར་དཀའ་སྤྱད་སློབ་སྦྱོང་བྱས་ཚེ་ལག་རྩལ་དེ་ཁོང་དུ་ཆུད་ཐུབ་པ་མ་ཟད་ལས་ཞུགས་ཀྱི་མདུན་ལམ་ཆེན་པོ་འདུག ངས་སློབ་མ1000ལྷག་ཙམ་ལ་ལག་རྩལ་བསླབ་པ་ཡིན། སློབ་གྲྭ་ལས་ཐོན་རྗེས། ཁོང་ཚོ་ཁག་གཅིག་གིས་རང་ཉིད་ཀྱི་ཟ་ཁང་གཉེར་གྱི་ཡོད། འགའ་ཞིག་གིས་ཟ་ཁང་དེ་བས་ཆེ་བ་ཞིག་ཏུ་མུ་མཐུད་ཟབ་སྦྱོང་བྱེད་པའམ་ཡང་ན་མ་བྱན་བྱས་པས་གླ་ཕོགས་ཀྱང་ཧ་ཅང་ཡག་པོ་ཡོད”ཅེས་ངོ་སྤྲོད་བྱས།
“འགྲན་བསྡུར་དེ་རིགས་གཉེར་སྐབས་བོད་ལྗོངས་ཀྱི་ས་གནས་ཁག་ནས་ཡོང་བའི་བོད་བཟོའི་གཡོས་སྦྱོར་མཁས་པ་དང་འགྲན་བསྡུར་བྱས་ནས་ང་ཚོར་ཕན་ཚུན་སློབ་སྦྱོང་དང་སྤེལ་རེས་བྱེད་པའི་སྟེགས་བུ་ཞིག་བཏོད་དེ། ང་ཚོས་འགྲན་བསྡུར་ཁྲོད་ནུས་པ་ཆེ་རུ་དང་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་སོང”ཞེས་འགྲན་བསྡུར་ནང་ཞུགས་པའི་བདམས་ཐོན་པ་བྱམས་པ་ཕུན་ཚོགས་ཀྱིས་བཤད། ཁོ་རང་ཆུང་དུས་ནས་གཡོས་སྦྱོར་བྱ་རྒྱུར་དགའ་པོ་ཡོད་སྟབས་དམའ་རིམ་སློབ་འབྲིང་ཐོན་རྗེས་ལས་རིགས་སློབ་གྲྭར་གཡོས་སྦྱོར་ཆེད་ལས་སློབ་སྦྱོང་བྱེད་པར་སོང་བ་ཡིན། ད་ཆ་ལྷ་སའི་བོད་ཟས་ཟ་ཁང་ཞིག་ཏུ་མ་བྱན་བྱེད་ཀྱི་ཡོད།
“ངས་གྲོང་ཁྱེར་གྱི་འཚོ་བའི་ཐད་ལག་རྩལ་སྣ་གཅིག་ཀྱང་མེད་པའི་དཀའ་གནད་མྱོང་ཚོར་ཐུབ་ཀྱི་འདུག དུས་རྒྱུན་ལས་ཀ་བྱེད་པའི་ཞོར་དུ་ངས་ལས་རོགས་གཞན་དག་ལ་ལྟོ་ཆས་བཟོ་སྟངས་ཁྲིད་ཀྱི་ཡོད། ངས་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་དག་ཁོང་ཚོར་བསླབ་འདོད་འདུག”ཅེས་བཤད། བྱམས་པ་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་གི་ལས་ཀ་བྱེད་སའི་བོད་ཟས་ཁང་དེས་ཆེད་མངགས་ས་གནས་དེ་གའི་མང་ཚོགས་ལ་ཞབས་ཞུ་བ་དང་གཙང་སྦྲ་བ་སོགས་ཀྱི་ལས་ཀ་བྱེད་དུ་བཅུག་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་ཐད་ཀར་སྐུལ་ཁྲིད་བྱས་ཡོད།
འགྲན་བསྡུར་གྱི་ཡུལ་དངོས་སུ་བཤམས་པའི་ཟས་རིགས།
འགྲན་བསྡུར་གྱི་ཡུལ་དངོས་སུ་བཤམས་པའི་ཟས་རིགས།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་འགྲན་བསྡུར་ནི་ལས་བཟོ་མི་སྒེར་གྱི་འགྲན་བསྡུར་ཞིག་ཡིན་པ་དང་དུས་ཡུན་ཉིན1ཡིན། འགྲན་བསྡུར་གྱི་དམིགས་ཡུལ་ནི་བོད་ལྗོངས་ཀྱི་ལས་བཟོའི་ཕྱོགས་བསྡུས་བྱང་ཚད་དང་ཆེད་ལས་རྩལ་ནུས་ཆེ་རུ་གཏོང་རྒྱུ་དང་། ལས་བཟོའི་གསར་གཏོད་འདུ་ཤེས་དང་གསར་གཏོད་ནུས་པ་གསོ་སྐྱོང་བྱ་རྒྱུ། བོད་ལྗོངས་ཀྱི་བོད་ཟས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། བོད་ལྗོངས་ཀྱི་བཟའ་བཏུང་རིག་གནས་དང་གཡོས་སྦྱོར་ལག་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཡིན།
རྩོམ་སྒྲིག་པ། དཔལ་གཡང་།