ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཧིན་རྡུ་ཉི་ཞི་ཡ་རུ་མེ་རི་འཕྱུར་ནས་ཐལ་རྡུལ་གྱི་མཐོ་ཚད་སྨི3000ཟིན།

སྤེལ་དུས 2023-12-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ས་གནས་དེ་གའི་ཚེས3ཉིན་གྱི་ཆུ་ཚོད14དང་སྐར་མ45ཙམ་ལ། ཧིན་རྡུ་ཉི་ཞི་ཡའི་ཤིས་སུའུ་མོན་ཏ་ལཱ་ཞིང་ཆེན་གྱི་མཱ་ལ་ཕི་མེ་རི་འཕྱུར་བ་རེད། ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི2891ཡོད་པའི་མེ་རི་འདི་འཕྱུར་སྐབས་སུ།  མཐོ་ཚད་ལ་སྨི3000ཟིན་པའི་ཐལ་རྡུལ་དགུང་དུ་འཕྱུར་བར་མ་ཟད་གནམ་ས་གཡོ་བའི་ལྡིར་སྒྲའང་གྲགས་པ་རེད།  
             མཱ་ལ་ཕི་མེ་རི་ནི་སུའུ་མོན་ཏ་ལཱ་གླིང་ཕྲན་དུ་ཡོད་པའི་མེ་རི་འགྱུར་ལྡོག་ཆེ་ཤོས་ཤིག་ཡིན་ལ། མེ་རིའི་ཉེ་འགྲམ་དུ་གྲོང་ཁྱེར་དང་གྲོང་རྡལ་ཡང་མང་པོ་ཡོད། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་ཀྱི་གེགས་འགོག་ཧྲུའུ་ཡིས་བརྡ་ཁྱབ་བཏང་བར་གཞིགས་ན། མིག་སྔར་མི་སྣ་ཤི་རྨས་སམ་རྒྱུ་ནོར་གྱོང་གུན་སྐོར་གྱི་སྙན་ཞུ་འབྱོར་མེད། འོན་ཀྱང་མེ་རི་དེ་ད་ཆ་རིམ་པ་གཉིས་པའི་ཉེན་ཟོན་གྱི་རྣམ་པར་གནས་ཡོད་པས། མཱ་ལ་ཕི་མེ་རིར་བསྐྱོད་པའི་རི་ལམ་གནས་སྐབས་སུ་བཀག་ཡོད།
             གཞན་ཡང་ཧིན་རྡུ་ཉི་ཞི་ཡའི་མེ་རི་དང་ས་གཤིས་གནོད་འཚེ་ཉུང་གཏོང་ལྟེ་གནས་ནས་གནས་ཚུལ་སྤེལ་བར་གཞིགས་ན། མཱ་ལ་ཕི་མེ་རིའི་འཕྱུར་རྒྱ་ཆེ་ཤོས་ནི་ཧའོ་སྨི30ཡིན་ལ། སྐར་མ4དང་སྐར་ཆ41རྒྱུན་མཐུད་ངང་འཕྱུར་ཡོད། ས་ཁུལ3ལ་མེ་རིའི་རྡུལ་ཆར་བབས་ཡོད་མོད། འོན་ཀྱང་འབབ་ཚད་ཉུང་ལ་འབབ་ཡུན་ཡང་ཐུང་ཙམ་ཡོད།
             མཱ་ལ་ཕི་མེ་རི་འཕྱུར་སྐབས་སུ་རི་སྟེང་དུ་རི་འཛེག་མཁན70ཡོད་ཅིང་། ཧིན་རྡུ་ཉི་ཞི་ཡའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མེ་རི་འཕྱུར་རྗེས་འབྲེལ་ཡོད་དོ་དམ་སྒྲིག་གཞིས་འཕྲལ་དུ་ཁ་འགྲེམས་ལས་དོན་སྤེལ་བས། རི་འཛེག་མཁན70ཚང་མ་བདེ་འཇགས་ངང་ཕྱིར་འཐེན་བྱུང་ཡོད། ས་གནས་དེ་གའི་སྲིད་གཞུང་གིས་ཀྱང་སྤྱི་དམངས་ལ་མེ་རིའི་མཐའ་འཁོར་གྱི་སྤྱི་ལེ3གྱི་ཚངས་ཕྱེད་ནང་དུ་འགུལ་སྐྱོད་བྱེད་མི་རུང་བའི་གྲོས་འགོ་བཏོན་ཡོད།
             རགས་རྩིས་ལྟར་ན། ཧིན་རྡུ་ཉི་ཞི་ཡར་འབར་རྒྱུན་ཆད་མེད་ཀྱི་མེ་རི127ཙམ་ཡོད་ཅིང་། ཉེ་ཆར། འབར་རྒྱུན་ཆད་མེད་ཀྱི་མེ་རི་ཁ་ཤས་འཕྱུར་ཚད་མང་བ་དང་། ཚེས3ཉིན་གྱི་ཆུ་ཚོད19དང་སྐར་མ12ཀྱི་ཐོག་ཧིན་རྡུ་ཉི་ཞི་ཡའི་ཁཱ་ལ་ཁར་ཐུའོ་མེ་རི་སླར་ཡང་འཕྱུར་ནས་མེ་རིའི་ཐལ་རྡུལ་གྱི་མཐོ་ཚད་སྨི600ཟིན་ཡོད། དེའི་གོང་སྟེ།  ཟླ11པའི་ཚེས28ཉིན། མེ་རི་དེ་ཐེངས་མང་པོར་འཕྱུར་མྱོང་ལ། མེ་རིའི་ཐལ་རྡུལ་གྱི་མཐོ་ཚད་མཐོ་ཤོས་སྨི2000ཟིན་ཡོད།
             ཚེས2ཉིན་གྱི་ཆུ་ཚོད19དང་སྐར་མ25ཡི་ཐོག་ཏུ། ཧིན་རྡུ་ཉི་ཞི་ཡའི་ཏུང་ནུའུ་ཧྲ་ཏེང་ཅཱ་ལཱ་ཞིང་ཆེན་གྱི་དབྱི་ལི་ལའེ་ཝོ་ཐུའོ་ལུའོ་ཁོ་མེ་རི་འཕྱུར་ཞིང་ཐལ་རྡུལ་གྱི་མཐོ་ཚད་སྨི500ཟིན་ཡོད་ལ།  འཕྱུར་ཡུན་སྐར་ཆ51རྒྱུན་མཐུད་ངང་འཕྱུར་ཡོད།
             མེ་རིའི་ཐལ་རྡུལ་གྱི་མཐོ་ཚད་དམ་ཡང་ན་འཕྱུར་ཡུན་གང་ཡིན་རུང་། ད་ཐེངས་མཱ་ལ་ཕི་མེ་རི་འཕྱུར་ཚད་ཅུང་ཆེན་པོ་ཡོད་ཅིང་། མིག་སྔར་ས་གནས་དེ་གའི་སྲིད་གཞུང་གིས་མཱ་ལ་ཕི་མེ་རིའི་མཐའ་འཁོར་དུ་བཀག་སྡོམ་ས་ཁུལ་བཙུགས་པ་མ་ཟད། དེའི་ཉེ་འཁོར་དུ་འགྲོ་འོང་བྱེད་མཁན་ཚོར་དུས་ཐོག་ཏུ་ཞྭ་མོ་གྱོན་པ་དང་། མིག་ཤེལ་རྒྱག་པ། ཁ་རས་རྒྱག་པ་བཅས་བྱ་རྒྱུའི་དྲན་སྐུལ་ཡང་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། དཔལ་གཡང་།