ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

པཎ་ཆེན་མཆོག་གིས་བོད་ལྗོངས་སུ་ཆོས་ཕྱོགས་མཛད་འཕྲིན་བསྐྱངས་པ།

སྤེལ་དུས 2023-12-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

              རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་ལྗོངས་སུ་སྤྱི་ཚོགས་དང་ཆོས་ཕྱོགས་ཀྱི་མཛད་སྒོ་གནང་གྲུབ་པ་རེད། པཎ་ཆེན་རིན་པོ་ཆེ་མཆོག་གིས་ཆབ་མདོ་དང་ལྷ་སར་མཛད་སྒོ་སྤེལ་གྲུབ་རྗེས་མེ་འཁོར་ལ་བཞུགས་ནས་གཞིས་རྩེར་ཕེབས་ཡོད། གཞིས་རྩེར་བཞུགས་རིང་པཎ་ཆེན་རིན་པོ་ཆེ་མཆོག་སྔ་རྗེས་སུ་ངམ་རིང་རྫོང་དང་། བཞད་མཐོང་སྨོན་རྫོང་། རིན་སྤུངས་རྫོང་། རྣམ་གླིང་རྫོང་། པ་སྣམ་རྫོང་། བསམ་གྲུབ་རྩེ་ཆུས་སོགས་སུ་ཕེབས་ནས་སྤྱི་ཚོགས་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན་ལེགས་པར་བསྐྱངས་གནང་བ་རེད།


ཟླ9པའི་ཚེས12ཉིན། པཎ་ཆེན་རིན་པོ་ཆེ་མཆོག་གཞིས་རྩེ་གྲོང་ཁྱེར་དུ་ཕེབས་ནས་སྤྱི་ཚོགས་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན་ལེགས་པར་བསྐྱངས་གནང་བ།

              ཟླ9པའི་ཚེས12ཉིན། པཎ་ཆེན་རིན་པོ་ཆེ་མཆོག་མེ་འཁོར་ལ་བཞུགས་ནས་གཞིས་རྩེར་ཕེབས་སྐབས། ས་གནས་དེ་གའི་མང་ཚོགས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ཏེ་གླུ་ལེན་གར་འཁྲབ་བྱས་ནས་པཎ་ཆེན་རིན་པོ་ཆེ་མཆོག་ཕེབས་པར་དགའ་བསུ་ཞུས་པ་རེད། 
              དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས། པཎ་ཆེན་རིན་པོ་ཆེ་མཆོག་དང་བཅས་པ་གདན་ས་བཀྲ་ཤིས་ལྷུན་པོ་དགོན་དུ་ཕེབས་ནས་དགོན་སྡེའི་མཆོད་ཁང་རེ་རེ་བཞིན་གནས་གཟིགས་གནང་བ་དང་འབྲེལ། དགེ་འདུན་པ་ཚོར་ཕྱག་དབང་ཡང་གནང་བ་རེད།

 

པཎ་ཆེན་རིན་པོ་ཆེ་མཆོག་གིས་གཞིས་རྩེ་གྲོང་ཁྱེར་དུ་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་བཞིན་པ། 
            གཞིས་རྩེར་བཞུགས་རིང་པཎ་ཆེན་རིན་པོ་ཆེ་མཆོག་གིས་སྔ་རྗེས་སུ་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བྱེ་བ་ཞང་ཕུ་སྣ་གྲོང་ཚོ་དང་། བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ། གཞིས་རྩེ་རྟེན་མཛོད་ཁང་། གཞིས་རྩེ་རྡོ་བརྐོས་སྒྱུ་རྩལ་རྟེན་མཛོད་ཁང་། གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་གསར་གཏོད་ཐོན་ལས་གླིང་སོགས་སུ་གཟིགས་སྐོར་དང་རྟོག་ཞིབ་གནང་བར་ཕེབས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྒེར་གྱི་འཐུས་མི་ཁག་གཅིག་དང་བཞུགས་མོལ་གནང་སྟེ་མི་རིགས་ཁག་གི་མང་ཚོགས་ཚོས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རང་རྟོགས་ངང་བརྟན་པོར་འཛུགས་པ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་སྐུལ་ལྕག་གནང་ཡོད། 


པཎ་ཆེན་རིན་པོ་ཆེ་མཆོག་གིས་རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་རིན་སྤུངས་རྫོང་བྱེ་བ་ཞང་ཕུ་སྣ་གྲོང་ཚོར་རྟོག་ཞིབ་གནང་བཞིན་པ།

པཎ་ཆེན་རིན་པོ་ཆེ་མཆོག་གིས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་དུ་རྟོག་ཞིབ་གནང་བཞིན་པ།

པཎ་ཆེན་རིན་པོ་ཆེ་མཆོག་གིས་གཞིས་རྩེའི་རྟེན་མཛོད་ཁང་དུ་གཟིགས་སྐོར་དང་རྟོག་ཞིབ་གནང་བཞིན་པ། 
           དེའི་རིང་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཅིག་པའི་ཚོགས་གཙོའི་ཚོགས་འདུ་ཐེངས་བཅུ་པ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ། རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་གནང་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་གནང་བ་རེད། 
           གཞིས་རྩེ་གྲོང་ཁྱེར་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མཉམ་དུ་མངོན་འགྱུར”གྱི་བཞུགས་མོལ་ཚོགས་འདུར་ཞུགས་སྐབས། པཎ་ཆེན་རིན་པོ་ཆེ་མཆོག་གིས་རྒྱ་ཆེའི་དགེ་འདུན་པ་ཚོར་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། རང་ཉིད་ཀྱི་ཆབ་སྲིད་འདུ་ཤེས་དང་ཏང་གི་འདོད་ཚུལ་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་སེམས་ནུས་གཅིག་སྒྲིལ་གྱིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་སུ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པ། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་རང་རྟོགས་ངང་ཁ་ཕྲལ་གྱི་བྱེད་སྤྱོད་དང་འཐབ་རྩོད་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་དགོས་པའི་སྐུལ་ལྕག་གནང་།

 

པཎ་ཆེན་རིན་པོ་ཆེ་མཆོག་གིས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བཞིན་པ། 

            གཞིས་རྩེར་བཞུགས་རིང་། པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་ལྷུན་པོ་དགོན་པའི་འཆམ་ལ་གཟིགས་པ་དང་། དགེ་འདུན་པ་ཚོར་སྒྲུབ་ཐབས་རིན་འབྱུང་གི་དབང་གནང་ཞིང་། འབྲོང་རྩེ་དགོན་གྱི་སྤྲུལ་སྐུ་སེང་ཆེན་བསྟན་པ་རབ་རྒྱས་ལ་དགེ་སློང་གི་སྡོམ་པ་གནང་བ་དང་སྦྲགས། བཀྲ་ཤིས་ལྷུན་པོ་དགོན་གྱི་ན་གཞོན་དགེ་འདུན་པ་ཁག་གཅིག་ལ་དགེ་ཚུལ་གྱི་སྡོམ་པ་གནང་བ་མ་ཟད། དགེ་འདུན་པ་དང་དད་ལྡན་མང་ཚོགས་ལ་ཕྱག་དབང་ཡང་གནང་བ་རེད།

པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་ལྷུན་པོ་དགོན་དུ་དགེ་འདུན་པ་ཚོར་སྒྲུབ་ཐབས་རིན་འབྱུང་གི་དབང་གནང་བཞིན་པ། 
           དེའི་རིང་པཎ་ཆེན་རིན་པོ་ཆེ་མཆོག་གིས་སྔ་རྗེས་སུ་ངམ་རིང་རྫོང་རི་བོ་ཆེ་དགོན་དང་། བཞད་མཐོང་སྨོན་རྫོང་བཀྲ་ཤིས་སྐྱིད་འཕེལ་དགོན། རྣམ་གླིང་རྫོང་ལྷ་སྡིངས་དགོན། པ་སྣམ་རྫོང་སྤོས་ཁང་དགོན། གྲངས་མེད་ཅན་དགོན་བཅས་སུ་ཕེབས་ནས་ཆོས་ཕྱོགས་ཀྱི་མཛད་འཕྲིན་ལེགས་པར་བསྐྱངས་གནང་ཞིང་། དགོན་སྡེ་ཚང་མས་བོད་བརྒྱུད་ནང་བསྟན་གྱི་གུས་ལུགས་ཆེས་མཐོ་ཤོས་ཀྱི་ཐོག་ནས་ཁོང་ལ་ཕེབས་བསུ་ཞུས་ཡོད་ལ། པཎ་ཆེན་རིན་པོ་ཆེ་མཆོག་གིས་དགེ་འདུན་པ་ཡོངས་ཀྱི་སྣེ་ཁྲིད་དེ་གསུང་ཆོས་དང་གནས་གཟིགས་གནང་ནས་ཆར་ཆུ་དུས་སུ་འབབ་པ་དང་རྒྱལ་དར་དམངས་བདེ་ཡོང་བའི་སྨོན་འདུན་ཡང་ཞུས་གནང་ཡོད། 

པཎ་ཆེན་རིན་པོ་ཆེ་མཆོག་གིས་ངམ་རིང་རྫོང་རི་བོ་ཆེ་དགོན་དུ་གསུང་ཆོས་དང་གནས་གཟིགས་གནང་བཞིན་པ། 

         བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀརྨ་ཚེ་བརྟན་དང་། བསོད་ནམས་ཉི་མ། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ས་ལུང་ཕུན་ལགས། པད་མ་དབང་འདུས་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད། 
         པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་ཆེས་ཆེ་བའི་སྤྲུལ་སྐུ་ཞིག་ཡིན་ལ། ཁོང་ནི1990ལོའི་ཟླ2པའི་ཚེས13ཉིན་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་དུ་སྐུ་འཁྲུངས་ཤིང་། 1995ལོའི་ཟླ11པའི་ཚེས29ཉིན་གསེར་བུམ་དཀྲུགས་འདོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་། 


རྩོམ་སྒྲིག་པ། མང་ག་མཚོ།