བསོད་ནམས་དབང་གྲགས་ལ་བཀྲ་ཤིས་བདེ་ལེགས་ཞུ།
སྤེལ་དུས 2024-01-29
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཟླ་དང་པོའི་ཚེས23ཉིན། 2023ལོའི“ལྕགས་ལམ་གྱི་ལས་མི་ཡག་ཤོས”ཡོངས་བསྒྲགས་མཛད་སྒོ་ནི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་སྤྱི་ཚོགས་དང་བཅའ་ཁྲིམས་འཕྲིན་ལམ(CCTV-12)ཐོག་བསྟན་ཞིང་། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ན་གོར་མོ་འཁོར་དོན་དུམ་བུའི་སྐྱེལ་འདྲེན་འཁོར་ཁང་དང་པོའི་མཛུབ་ཁྲིད་ཁ་ལོ་བ་བསོད་ནམས་དབང་གྲགས་ནི2023ལོའི་ལྕགས་ལམ་གྱི་ལས་མི་ཡག་ཤོས་བཅུའི་གྲས་སུ་ཚུད་ཡོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྕགས་ལམ་ལས་དོན་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དུས་རབས་ཀྱི་མི་གསར་གསོ་སྐྱོང་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བ། སྔོན་ཐོན་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་གང་ལེགས་འདོན་པ། རྒྱ་ཆེའི་ལྕགས་ལམ་ལས་བྱེད་ལས་བཟོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ཁྲོད་སྔོན་སྐྱོད་པ་ཡག་པོ་ཧུར་ཐག་བྱེད་པར་ལྕག་སྐུལ་གཏོང་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིས་མཉམ་འབྲེལ་ཐོག“ལྕགས་ལམ་གྱི་ལས་མི་ཡག་ཤོས”ཁྱབ་བསྒྲགས་བྱས་པ་རེད།
བསོད་ནམས་དབང་གྲགས།
བསོད་ནམས་དབང་གྲགས་ཀྱིས་མེ་འཁོར་གྱི་གློག་རླངས་འཁོར་སྒྲོམ་ལ་ལྟ་བཞིན་པ།
བསོད་ནམས་དབང་གྲགས་ཀྱིས་མེ་འཁོར་གྱི་འཁོར་ལོར་ལྟ་བཞིན་པ།
བསོད་ནམས་དབང་གྲགས་ཀྱིས་མེ་འཁོར་ལ་བརྟག་བཞིན་པ།
བསོད་ནམས་དབང་གྲགས་ཀྱིས་མེ་འཁོར་གཏོང་གྲབས་ཡོད་པ།
བསོད་ནམས་དབང་གྲགས་ནི་ད་ལོ་ལོ36ལ་སླེབས་ཤིང་། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གི་ཞིང་འབྲོག་པའི་ཁྱིམ་ཚང་ཕལ་པ་ཞིག་ཏུ་འཚར་ལོངས་བྱུང་། 2007ལོར་ལས་ཀར་ཞུགས་པ་ནས་བཟུང་ཁོང་གིས་ནང་འབར་མེ་འཁོར་དང་། གློག་ཤུགས་འཕྲུལ་འཁོར། ནང་གློག་གཉིས་ཀྱི་བསྐྱར་དར་རྟགས་ཅན་གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་སོགས་སྔ་རྗེས་སུ་བཏང་སྟེ་ལོ་རིང་མོར་མཚོ་བོད་ལྕགས་ལམ་དང་། ལྷ་གཞིས་ལྕགས་ལམ། ལྷ་ཉིང་ལྕགས་ལམ་བཅས་ལེ་དབར་སྟོང་ཟིན་པའི་ལྕགས་ལམ་དུ་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད། སེམས་ཁམས་ཀྱི་བྱང་ཚད་ཡག་པོ་དང་ལས་སྒོའི་འཇོན་ཐང་ཆེན་པོར་བརྟེན་ནས“ལས་གནས་ཐོག་སྐར་མ་གཅིག་བསྡད་ཕྱིན་འགན་སྐར་ཆ་དྲུག་ཅུ་འཁུར་བའི”བདེ་འཇགས་འདུ་ཤེས་དང“ཁ་ལོ་བས་འགྲུལ་པ་སེམས་ལ་འཇོག་པའི”འགན་འཁྲི་འཁུར་ནས་བསོད་ནམས་དབང་གྲགས་ཀྱིས་བདེ་འཇགས་ངང་མེ་འཁོར་སྤྱི་ལེ་ཁྲི70དང་། བདེ་འཇགས་ངང་མེ་འཁོར་གཏོང་བའི་ཐེངས་གྲངས2933བཏང་བའི་གྲུབ་འབྲས་ཐོབ་པ་དང་། 2021ལོའི་ཟླ6པའི་ཚེས25ཉིན་ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པའི་ཉིན་དང་པོར་མེ་འཁོར་གཏོང་ཐེངས་དང་པོའི་ཁ་ལོ་བའི་འགན་འཁུར་བ། སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་ན་གཞོན་ལས་གནས་ཀྱི་འཇོན་ཐང་ཅན་དང་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་ལག་རྩལ་འཇོན་ཐང་ཅན་སོགས་ཀྱི་མཚན་སྙན་ཐོབ་ནས་ས་མཐོའི་ལྕགས་ལམ་གྱི་ཕུལ་བྱུང་ན་གཞོན་དུ་གྱུར་པ་རེད།
རྩོམ་སྒྲིག་པ། དཔལ་གཡང་།