ས་གནས་དེ་གའི་དུས་ཚོད་ཟླ་དང་པོའི་ཚེས25ཉིན། ཨ་རིས་ཐེངས་དང་པོར་རྩོད་གཞི་ཡོད་པའི་ཏན་རླུང་སྤྱད་ནས་ཉེས་ཅན་ལ་སྲོག་ཁྲིམས་ལག་བསྟར་བྱས་པས། བྱ་སྤྱོད་དེར་མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་མནའ་འབྲེལ་གྱིས་སེམས་ཁྲལ་བྱེད་ཀྱི་ཡོད།
དབྱིན་ཇིའི་རླུང་འཕྲིན་ཀུང་སི(BBC)ཡིས་ཟླ་དང་པོའི་ཚེས26ཉིན་གནས་ཚུལ་སྤེལ་བར་གཞིགས་ན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་བསྐོས་མི་སྣ་ཐུའར་ཁེ(Volker Turk)ཡིས་ཚེས26ཉིན་བཤད་རྒྱུར། ཏན་རླུང་སྤྱད་ནས་ཉེས་ཅན་པ་དབུགས་ཆད་དུ་འཇུག་པ་དང་། ཚོད་ལྟ་བྱས་མེད་པའི་ཁྲིམས་གཅོད་བྱེད་ཐབས་རིགས་གསར་པ་འདི་ཁྲིམས་སྤྱོད་དྲག་པོའི་རིགས་སུ་འགྱུར་ཉེན་ཡོད་པ་དང་། དེ་ནི་ཆེས་གདུག་རྩུབ་དང་། མི་ཆོས་དང་མི་མཐུན་པ། མི་གཤིས་ལ་དམའ་འབེབས་བྱས་པ་ཞིག་ཀྱང་ཡིན་སྲིད་པའི་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད།
ཡོ་རོབ་མནའ་འབྲེལ་གྱི་དཔོན་རིགས་ཀྱིས་ཀྱང་གསལ་བསྒྲགས་ཤིག་ནང་། ཏན་རླུང་ལ་བརྟེན་ནས་ཉེས་ཅན་ལ་སྲོག་ཁྲིམས་ལག་བསྟར་བྱེད་པ་དེ་ནི“ཧ་ཅང་གདུག་རྩུབ་ཆེ་ཞིང་། རྒྱུན་ལྡན་དང་མི་འདྲ་བའི་ཆད་གཅོད”ཅིག་རེད་ཅེས་འཁོད་ཡོད།
ཁྲིམས་ཆད་གཅོད་པའི་བརྒྱུད་རིམ་དངོས་སུ་མཐོང་མྱོང་བའི་གསར་འགོད་པ་ཞིག་གིསBBCཡི་འབྲེལ་ཡོད་མི་སྣར། ཉེས་ཅན་པ་དེ་ཉལ་ཁྲིའི་སྟེང་དུ་འདར་གསིག་དྲག་པོ་བརྒྱབ་ཀྱི་འདུག་ཅེས་བརྗོད།
ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་ཟླ་དང་པོའི་ཚེས25ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཚེས25ཉིན། ཨ་རིའི་ཡཱ་ལཱ་པཱ་མཱ་ཁུལ་ནས་ཏན་རླུང་སྤྱད་ནས་ཉེས་པ་གཏན་འཁེལ་བྱས་པའི་མི་གསོད་ལག་དམར་ཞིག་ལ་སྲོག་ཆད་བཅད། དེ་ནི་ཨ་རིའི་ལོ་རྒྱུས་ཐོག་ཐེངས་དང་པོར་ཏན་རླུང་སྤྱད་ནས་ཉེས་ཅན་པར་སྲོག་ཁྲིམས་ལག་བསྟར་བྱས་པ་ཞིག་ཡིན།
ཁུལ་དེའི་འབྲེལ་ཡོད་མི་སྣས། ཐག་གཅོད་བྱེད་ཐབས་དེ་རིགས་ནི་མི་ཆོས་དང་མཐུན་པ་ཞིག་ཡིན་མོད། སྐྱོན་བརྗོད་བྱེད་མཁན་གྱིས་བྱེད་ཐབས་དེ་རིགས་ནི་གདུག་རྩུབ་ཡིན་པར་མ་ཟད་ཚོད་ལྟའི་དུས་མཚམས་སུ་གནས་ཡོད་པར་བརྗོད།
སྲོག་ཁྲིམས་བཅད་པའི་ཉེས་ཅན་པའི་མིང་ལ་ཁེན་ཉི་སི·ཧྲི་སྨི་སི(Kenneth Eugene Smith)ཟེར་ཞིང་། ད་ལོ་ལོ58ཡིན་པ་དང་། 1988ལོར་ཁོ་པ་གཞན་གྱིས་གླས་ནས་མི་བསད་པར་བརྟེན་སྲོག་ཁྲིམས་བཅད་པ་རེད། 2022ལོའི་ཟླ11པར། ཧྲི་སྨི་སིར་སྲོག་ཁྲིམས་གཅོད་པའི་བརྒྱུད་རིམ་ཁྲོད་ནོར་འཁྲུལ་ཐོན་ནས་སྟེས་དབང་ངང་གསོན་ཐུབ་ཡོད། དེ་རྗེས་ཁྲིམས་ཁང་གིས་ཁོ་པར་ཏན་རླུང་གིས་སྲོག་ཁྲིམས་གཅོད་རྒྱུའི་ཐག་གཅོད་བྱས། ཨ་རིར་ད་ཆ་ཁུལ་གསུམ་གྱིས་ཏན་རླུང་སྤྱད་ནས་ཉེས་ཅན་ལ་སྲོག་ཁྲིམས་ལག་བསྟར་བྱེད་ཆོག་གི་ཡོད་ལ། ཡཱ་ལཱ་པཱ་མཱ་ཁུལ་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད། ཧྲི་སྨི་སིས་སྔོན་ཆད་ཞུ་གཏུག་བརྒྱབ་ནས་ཁྲིམས་ཆད་གཅོད་སྟངས་སྒྱུར་རྒྱུའི་རེ་བ་བཏོན་མོད། འོན་ཀྱང་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཞུ་དོན་ཕྱིར་སློག་བྱས་ཡོད།
ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དཔོན་རིགས་ཚོས། ཚེས25ཉིན་གྱི་དགོང་མོའི་ཆུ་ཚོད8དང་སྐར་མ25ཡི་ཐོག་ཧྲི་སྨི་སི་ཡཱ་ལཱ་པཱ་མཱ་ཁུལ་གྱི་བཙོན་ཁང་ཞིག་ཏུ་ཤི་བའི་ཁྱབ་བསྒྲགས་བྱས་ཤིང་། ཤི་རྐྱེན་ནི་ཁོ་པས་ངོ་ཁེབས་བརྒྱུད་ནས་ཏན་རླུང་རྐྱང་རྐྱང་རྔུབ་པས་གསོ་རླུང་མ་འདང་རྐྱེན་ཚེ་ལས་འདས་པ་རེད་ཅེས་བརྗོད། འདིས1982ལོར་ཁབ་བརྒྱབ་ནས་སྲོག་ཁྲིམས་གཅོད་སྟངས་ནང་འདྲེན་བྱས་ཚུན། ཨ་རིས་སྲོག་ཁྲིམས་གཅོད་སྟངས་གསར་པ་ཐོག་མར་སྤྱད་པ་མཚོན་ཡོད། ཁབ་བརྒྱབ་པའི་སྲོག་ཁྲིམས་གཅོད་སྟངས་ནི་མིག་སྔར་རྒྱུན་དུ་སྤྱོད་མང་ཤོས་ཀྱི་སྲོག་ཁྲིམས་གཅོད་སྟངས་ཤིག་རེད།
གནས་ཚུལ་སྤེལ་བའི་ནང་། སྲོག་ཁྲིམས་ལག་བསྟར་བྱས་པའི་བརྒྱུད་རིམ་ལ་སྐར་མ22ཙམ་འགོར་ཡོད་ལ། སྐར་མ་ཁ་ཤས་དེའི་རིང་ཧྲི་སྨི་སིས་སྔར་བཞིན་རིག་པ་དྭངས་གསལ་དུ་གནས་ཡོད། མ་མཐར་ཡང་སྐར་མ་གཉིས་ཀྱི་དུས་ཚོད་ནང་། ཁོ་པ་ཕལ་ཆེར་ཉལ་ཁྲིའི་ཐོག་འདར་གསིག་རྒྱག་ལ་འགུལ་བཞིན་ཡོད་པ་དང་། སྐབས་འགར་ད་དུང་འཆིང་རྒྱ་ལས་ཐར་ཐབས་ཀྱང་བྱེད་ཀྱི་ཡོད། དེ་རྗེས་ཀྱི་སྐར་མ་ཁ་ཤས་ནང་དབུགས་ཧལ་བ་དང་དེ་ནས་དབུགས་རྦད་དེ་དབུགས་འབྱིན་རྔུབ་བྱེད་པ་ཐོས་མ་སོང་ཞེས་བཀོད་འདུག
རྩོམ་སྒྲིག་པ། དཔལ་གཡང་།