ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གི་བོད་ཤིང་འབྲུག་ལོའི་ལོ་གསར་གྱི་ཤིས་ཚིག

སྤེལ་དུས 2024-02-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
 
 
            དུས་ཀྱི་ཟོ་ཆུན་བར་མེད་འཁོར་ཞིང་། དཔྱིད་ཀྱི་དཔལ་མོའི་འཛུམ་ཞལ་སླར་ཡང་འཆར། མཛའ་ཞིང་བརྩེ་བའི་གྲོགས་པོ་རྣམ་པ་ཚོ། རྟེན་འབྱུང་དངོས་པོ་ཀུན་ལ་དཔྱིད་ཀྱི་དཔལ་ཡོན་གྱིས་རབ་ཏུ་བརྒྱན་པའི་བཀྲ་ཤིས་པའི་དུས་བཟང་འདིར། ངས་རྒྱལ་ཁབ་ཕྱི་ནང་དུ་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་བོད་ཤིང་འབྲུག་ལོའི་ལོ་གསར་གྱི་སྨོན་འདུན་ཞུ་རྒྱུ་ཡིན། ལྷན་རྒྱས་ལོ་གསར་བཀྲ་ཤིས་བདེ་ལེགས། 
            སྤྱི་ལོ་2023ལོར། ང་ཚོའི་མདུན་སྐྱོད་ཀྱི་ལམ་བུ་ནི་ཇི་འདྲའི་ཡངས་ཤིང་། འབད་འཐབ་ཀྱི་གླུ་དབྱངས་ནི་ཇི་འདྲའི་སྙན་འཇེབས་ལྡན། མང་ཚོགས་དུང་ཕྱུར་མང་པོས་འབད་འབུངས་ལྷོད་མེད་དང་། དཀའ་སྤྱད་ལས་བརྩོན་བྱས་ཐོག སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མ་ཡིན་པའི་གྲུབ་འབྲས་གཏོད་ཡོད་ཅིང་། མེས་རྒྱལ་དང་དུས་རབས་དང་ལྷན་དུ་འཚར་ལོངས་དང་ཡར་རྒྱས་ཡོང་བར་བྱས་ཡོད། 
            འདས་པའི་ལོ་གཅིག་ནང་། ངས་དུས་ཡུན་ཟླ་བ་དྲུག་ལྷག་ཙམ་གྱི་དུས་ཚོད་སྤྱད་ནས། བོད་ལྗོངས་དང་། དེ་བཞིན་སི་ཁྲོན་དང་ཡུན་ནན་གྱི་འབྲེལ་ཡོད་ཁུལ་དང་རྫོང་དུ་འཚམས་འདྲིར་ཕྱིན་པ་ཡིན། དེའི་རིང་མི་རིགས་ཁག་གི་མང་ཚོགས་རྣམས་མཐུན་སྒྲིལ་འཆམ་མཐུན་དང་། སེར་སྐྱ་མང་ཚོགས་རྣམས་ཕན་ཚུན་ཞི་མཐུན་ངང་གནས་ཤིང་། གང་སར་དྲོ་སྐྱིད་དང་འཛུམ་མདངས་ཀྱིས་ཁེངས་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་ལྡན་པ་དང་། རི་ཆུ་ཀླུང་གསུམ་མཛེས་སྡུག་གིས་བརྒྱན་པ། གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བ། བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་ཐུབ་པ་དང་ཆབས་ཅིག་གསར་གཏོད་གོང་འཕེལ་འགྲོ་བ། བོད་ཡིག་དཔེ་རྙིང་ཡིག་ཚགས་དང་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་ཡག་པོ་ཐོབ་པ། མེས་རྒྱལ་གྱི་ཐུགས་རྗེའི་འོད་ཟེར་འོག ཆོས་དད་རང་མོས་ལ་འགན་སྲུང་གང་ལེགས་ཐོབ་པ། བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་ཁག་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ། རྒྱ་ཆེའི་གྲྭ་བཙུན་གྱི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་དེ་བས་དེང་རབས་ཅན་དུ་འགྱུར་བཞིན་པ། ཡུལ་མི་རྣམས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་རྒྱུ་ཡོད་པ། ཁྱིམ་དུད་མི་རེ་ངོ་རེའི་ཐོག་ཁར་རང་འགུལ་ཐོག་སྐར་ལྔའི་དར་དམར་བཙུགས་ཡོད་པ། ཚང་མས་རླབས་ཆེ་བའི་མེས་རྒྱལ་དང་རླབས་ཆེ་བའི་དུས་རབས་ཀྱི་བཀའ་དྲིན་ཚོར་བ་བཅས་མིག་མཐོང་ལག་ཟིན་བྱུང་། 
            སྤྱི་ལོ་2023ལོར། འཚོ་བར་འགལ་རྐྱེན་འཕྲད་པ་ཡང་ཡོད་སྲིད། ཡིན་ནའང་ང་ཚོའི་སེམས་ཤུགས་ལ་ཉམས་པ་མེད། ས་ཡོམ་དང་། ཆུ་ལོག རྒྱ་མཚོའི་རླུང་འཚུབ་སོགས་རང་བྱུང་གནོད་འཚེ་འཕྲད་དུས་དང་། དཀའ་ངལ་དང་འགྲན་རྩོད་སྣ་ཚོགས་འཕྲད་དུས། ཚང་མས་ཕན་ཚུན་རོགས་རེས་བྱས་ནས་དཀའ་ངལ་ཁྱད་བསད་བྱས་ཡོད། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ལ། སེམས་ཤུགས་ནི་གསེར་ལས་ཀྱང་རིན་ཐང་ཆེ། དེ་ལྟ་བུའི་མི་ཡུལ་གྱི་བརྩེ་སེམས་ཀྱིས་མི་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། 
            སྤྱི་ལོ་2023ལོར། མེས་རྒྱལ་གྱི་ས་ཕྱོགས་གང་སར་དྲོ་སོབ་སོབ་ཀྱི་འཚོ་བའི་རྣམ་པས་ཁེངས་ཡོད་ལ།  དག་གཙང་མེ་ཏོག་གི་དྲི་བསུང་ཡང་འཐུལ་བཞིན་ཡོད། མི་རྣམས་ནས་དོན་དངོས་དང་དུ་ལེན་པ་དང་། རང་ཉིད་དང་དུ་ལེན་པ། མི་གཞན་ལ་ཁོག་ཡངས་བྱེད་པ་བཅས་ཀྱི་བློ་རྒྱ་དང་། མི་ཕལ་པ་མི་རེ་ངོ་རེའི་འབད་འཐབ་ཀྱི་སྙིང་རུས་ཐོག་ནས། འོད་སྣང་གི་ཕྱོགས་སུ་བསྐྱོད་པ་དང་དགེ་བའི་ལས་ལ་འབུངས་ནས་དུས་རབས་གསར་པའི་ཀྲུང་གོའི་དར་རྒྱས་ཡར་ཐོན་ཆེད་བསམ་གྱིས་མི་ཁྱབ་པའི་སྟོབས་ཤུགས་གཅིག་སྡུད་བྱས་ཡོད།
            ཞི་བདེ་ཡོང་བ་བྱ་རྒྱུ་ནི་མིའི་རིགས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་དོན་དུ་གཉེར་བའི་ཐུན་མོང་གི་བསམ་འདུན་ཞིག་རེད། ང་ཚོ་ཀྲུང་ཧྭ་ཡི་བུ་རྒྱུད་མི་རེ་ངོ་རེའི་མདུན་ལམ་དང་ལས་དབང་ཚང་མ་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་ལས་དབང་དང་དམ་པོར་འབྲེལ་ནས་ཡོད་པས། ང་ཚོས་དགེ་བའི་སེམས་བསྐྱེད་རེ་རེ་འཆང་བ་དང་། དགེ་བའི་ལས་རེ་རེ་བསྒྲུབས་པ་ཡིན་ན། ང་ཚོའི་གོམ་པ་རེ་རེ་ཡང་ཀྲུང་ཧྭ་མི་རིགས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་པ་དང་། ཞི་བདེར་སྲུང་སྐྱོབ་བྱེད་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་དུ་འགྱུར་རྒྱུ་རེད། 
            ལོ་གསར་པའི་ནང་། ང་ཚོས་མིག་སྔའི་ཞི་བདེའི་ཁོར་ཡུག་འདིར་རང་གིས་མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ལྟར་གཅེས་སྐྱོང་བྱ་རྒྱུའི་རེ་བ་ཡོད། རང་གི་སེམས་ནི་ཡོངས་སུ་འདུལ། དགེ་བ་ཕུན་སུམ་ཚོགས་པར་བྱ། རང་ལུས་རིན་ཆེན་གཅེས་སྐྱོང་མཛོད། རང་སེམས་ལ་རང་གིས་རྟོག་དཔྱོད་བྱས་ནས།  སེམས་ཉིད་ཞི་ཞིང་དུལ་བར་བྱེད་པ་དང་། རང་ངོས་འཐུས་ཚང་ཡར་རྒྱས་ཡོང་བ་བྱེད་དགོས་པ། བྱམས་སྙིང་རྗེ་དང་ཤེས་རབ་སྤྱད་ནས་འགལ་བ་དང་རྩོད་རྙོག་ཐག་གཅོད་བྱ་དགོས། འཛམ་གླིང་ལ་བརྩེ་བ་དང་ཞི་བདེས་ཕྱུག་པའི་སྨོན་འདུན་ཞུའོ། 
            བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་ཀྱི་དེད་དཔོན་དང་། །བརྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིངས་དང་ཟམ་པར་འགྱུར་བར་ཤོག ། 
            མཇུག་ཏུ་རྒྱལ་ཁམས་དར་ཞིང་དམངས་རྣམས་བདེ་བ། འཛམ་གླིང་ཞི་བདེ་ཡོང་བ། འགྲོ་རྣམས་བདེ་དང་ལྡན་པའི་སྨོན་ལམ་རྩེ་གཅིག་ཏུ་འདེབས་རྒྱུ་དང་། ཚང་མ་འབྲུག་ལོའི་ནང་བཀྲ་ཤིས་པ་དང་། དོན་ཀུན་ཡིད་བཞིན་འགྲུབ་པ། ཚེ་བསོད་རླུང་རྟ་དར་བ་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། །