ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ8པའི་ཚེས5ཉིན། སེམས་མཐུན་མཉམ་གཏོད། ས་མཐོར་དྲོ་སྐྱིད་སྦྱིན་པའི“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི2024ལོའི་གཅེས་སེམས་ཞལ་འདེབས་ཕུལ་བའི་མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། པུའུ་ཁྲང་སྨན་བཟོ་ཚོགས་པས་པེ་ཅིང་སེམས་མཐུན་མཉམ་གཏོད་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་བརྒྱུད་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་ས་ཁུལ་དང་། གྲོང་ཁྱེར། ཁུལ17གྱི་རྫོང148ལ་རིན་ཐང་སྒོར་དུང་ཕྱུར1.02རི་བའི་དབུགས་ལམ་ནད་རིགས་འགོག་བཅོས་སྨན་སྟེ“གློ་དུག་སེལ་སྨན་རིལ་བུ”སྒམ་ཁྲི1.78ཀྱི་ཁྱོན་སྒམ་ཆུང་ཁྲི171.3རིན་མེད་ངང་ཞལ་འདེབས་ཕུལ་བ་རེད།
པུའུ་ཁྲང་སྨན་བཟོ་ཚོགས་པས་པེ་ཅིང་སེམས་མཐུན་མཉམ་གཏོད་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་བརྒྱུད་སྨན་རྫས་ཞལ་འདེབས་ཕུལ་བཞིན་པ།
“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི2024ལོའི་སྨན་བཅོས་སྤྱི་ཕན་བྱེད་སྒོ་ནི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་མཛུབ་ཁྲིད་འོག པེ་ཅིང་སེམས་མཐུན་མཉམ་གཏོད་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཏུང་ཅཱ་ཧུང་དང་པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་གི་ཏང་ཨུད་ཧྲུའུ་ཅི་ཝང་ཅན་ལིའུ་སོགས་རྒྱལ་སའི་སྨན་བཅོས་ཆེད་མཁས་པ800ལྷག་ཙམ་གདན་དྲངས་ནས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་སྤེལ་བའི་སྨན་བཅོས་སྤྱི་ཕན་བྱེད་སྒོ་ཞིག་ཡིན་ཞིང་། བྱེད་སྒོ་སྤེལ་ཡུན་གཟའ་འཁོར་གཅིག་ཡིན་པ་དང་། དཀར་མཛེས་ཁུལ་གྱི་གྲོང་ཁྱེར་དང་རྫོང18དུ་འོས་འགན་སྨན་བཅོས་ས་ཚིགས90བཙུགས་ནས་མི་ཐེངས་ཁྲི7.3ལ་འོས་འགན་སྨན་བཅོས་བྱས་པ་དང་། རིན་ཐང་སྒོར་ཁྲི1080རི་བའི་སྨན་རྫས་སྤྲད་པ། ས་གནས་དེ་གར་མཆིན་མཁྲིས་དང་། སྒལ་ཚིགས། དེ་བཞིན་བྱིས་པའི་ལྷན་སྐྱེས་སྙིང་ནད་སོགས་ཀྱི་གཤགས་བཅོས་ཁག52བྱས་ཡོད། འོས་འགན་སྨན་བཅོས་བྱེད་རིང་། སྨན་བཅོས་ཆེད་མཁས་པ་ཚོས་ས་གནས་དེ་གར་དབུགས་ལམ་གྱི་ནད་གཞི་བལྟོས་བཅས་ཀྱིས་ཐོན་མང་བ་དེ་ས་བབ་མཐོ་བ་དང་གསོ་རླུང་དཀོན་པའི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་དང་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་ཡོད་ལ། ཐེབས་རྩ་ལྷན་ཚོགས་ཀྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་པུའུ་ཁྲང་སྨན་བཟོ་ཚོགས་པ་དང་ད་ཐེངས་ཀྱི་ཞལ་འདེབས་ཕུལ་བའི་ཐད་མཉམ་ལས་བྱ་རྒྱུའི་གྲོས་མཐུན་ཡང་བཞག་པ་རེད།

ཞལ་འདེབས་ཕུལ་བའི་སྨན་རྫས་ཁག་གཅིག
“གློ་དུག་སེལ་སྨན་རིལ་བུ”ནི་ཏོག་གསར་རིམས་ནད་ལ་འགོག་རྒོལ་བྱེད་སྐབས་ནད་ཐོག་ཚོད་ལྟ་ལེགས་གྲུབ་བྱུང་བའི“སྨན་གསུམ་དང་སྨན་ཐོ་གསུམ”གྱི་གྲས་ཤིག་གི་ཀྲུང་ལུགས་སྨན་ཐོ་ཡིན་པ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཀྲང་པོ་ལི་དང་པེ་ཅིང་ཀྲུང་ལུགས་གསོ་རིག་སྨན་ཁང་གི་ཡོན་ཀྲང་དགེ་རྒན་ཆེན་མོ་བ་ལིའུ་ཆིང་ཆོན་གྱིས་རིམས་ནད་འགོག་རྒོལ་གྱི་འཐབ་ས་དང་པོར་སྨན་བཅོས་བྱེད་པར་ཕྱོགས་སྡོམ་བྱས་པ་ལས་གྲུབ་པ་ཞིག་ཡིན་ཞིང་། དེ་སྔ་རྗེས་སུ《ཏོག་གསར་ནད་དུག་གི་གློ་ཚད་སྨན་བཅོས་ཀྱི་ཇུས་གཞིའི》(པར་གཞི་དྲུག་པ་དང་། བདུན་པ། བརྒྱད་པ། དགུ་པ)ནང་བཅུག་པ་དང2021ལོར་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲོམ་རར་འདོན་རྒྱུའི་ཆོག་མཆན་སྤྲད་པ་རེད།
རྒྱལ་སའི་གསོ་རིག་སློབ་ཆེན་ཞོར་གཏོགས་པེ་ཅིང་ཧྲི་ཅི་ཐན་སྨན་ཁང་གི་དེ་སྔའི་དབང་རྩའི་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་ཆུས་ཞའོ་ཞ་ཡིས་བྱེད་སྒོའི་ཡུལ་དངོས་སུ་མྱོང་ཚོར་མཉམ་སྤྱོད་བྱེད་བཞིན་པ།
ད་ཐེངས་ཀྱི་ཞལ་འདེབས་ཕུལ་བའི་སྨན་རྫས་དག་ཟླ8པའི་ཟླ་དཀྱིལ་དུ་ས་གནས་ཁག་ལ་གཅིག་རྗེས་གཉིས་མཐུད་ངང་སྤྲོད་རྒྱུ་ཡིན་ལ། རིམ་ཁག་འཐབ་ཕྱོགས་གཅིག་གྱུར་དང་འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཚན་དང་དེ་བཞིན་སྨན་བཅོས་སྒྲིག་གཞིའི་གཞོགས་འདེགས་འོག་རྫོང་ཁག་གི་མི་དམངས་སྨན་ཁང་དང་། ཞང་གྲོང་དང་སྡེ་ཁུལ་འཕྲོད་བསྟེན་ཁང་དག་བསྡོམས་རྩིས་དང་སྤྲོད་རྒྱུའི་དཔྱད་གཞིར་བྱས་ནས་དགོས་མཁོ་ཡོད་པའི་མི་རིགས་ཁག་གི་མང་ཚོགས་ཚོར་གང་མགྱོགས་སྤྲོད་རྒྱུ་རེད།
པེ་ཅིང་མཛའ་གྲོགས་སྨན་ཁང་གི་སྙིང་ཁོག་ཚན་ཁག་གི་སྨན་རམས་པ་ལིང་ཅིན་རུའེ་ཡིས་བྱེད་སྒོའི་ཡུལ་དངོས་སུ་གཏམ་བཤད་སྤེལ་བཞིན་པ།
གཞན་ཡང་པུའུ་ཁྲང་སྨན་བཟོ་ཚོགས་པས་ད་དུང་པེ་ཅིང་སེམས་མཐུན་མཉམ་གཏོད་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ལ“ཀྲུང་གོའི་བདེ་ཐང་གི་གྲོང་གསེབ་ཡག་པོའི”གྲོང་གསེབ་དར་རྒྱས་གཏོང་བའི་སྤྱི་ཕན་རྣམ་གྲངས་ཀྱི་རྒྱལ་ཡོངས་ཀྱི་ཞིང་ཆེན10ལྷག་ཙམ་ལ་ཡོད་པའི་རོགས་སྐྱོར་ས་ཚིགས100ལ་སྨན་རྫས་ཞལ་འདེབས་འབུལ་རྒྱུ་རེད། རྒྱལ་ཁབ་སྨན་རྫས་ཚོགས་པ་སྨན་རྫས་ལས་རིགས་མ་རྐང་ཚད་ཡོད་ཀུང་སི་དང་པེ་ཅིང་ཅིའུ་ཀྲོའུ་ཐུང་སྨན་རྫས་ཚད་ཡོད་ཀུང་སིས་སྤྱི་ཕན་གྱི་འབོད་སྐུལ་དང་ལེན་ཞུས་པ་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་ནས་ད་ཐེངས་ཀྱི་བྱེད་སྒོར་སྒོར་ཁྲི28དང་སྒོར་ཁྲི23རི་བའི་སྨན་རྫས་ཞལ་འདེབས་ཕུལ་ཡོད།