ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ8པའི་ཚེས11ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱི2024ལོའི་ལས་མི་བསྡུ་ཚོགས་ཆེ་གྲས་དང་པོ་དེ་ས་ཁུལ་གྱི་མི་ཤུགས་ཐོན་ཁུངས་ཁྲོམ་རར་འཚོགས་པ་རེད། ད་ཐེངས་ཀྱི་ལས་མི་བསྡུ་ཚོགས་ཐོག་ལས་གནས1200ལྷག་ཙམ་མཁོ་འདོན་བྱས་པའི་ནང་མངའ་རིས་ས་ཁུལ་སྲིད་གཞུང་གི་ཉོ་སྒྲུབ་ཞབས་ཞུ་དང་བཟའ་བཏུང་སོགས་ལས་རིགས་ཁྱབ་ཁོངས་ཀྱི་ལས་གནས373དང་། ཧོ་པེ་ཞིང་ཆེན་དང་ཧྲའན་ཞི་ཞིང་ཆེན་སོགས་ཀྱིས་མཁོ་འདོན་བྱས་པའི་བོད་སྐྱོར་གྱི་ལས་གནས850ལྷག་ཙམ་ཚུད་ཡོད།
ལས་མི་བསྡུ་ཚོགས་ཀྱི་ཡུལ་དངོས།
ལས་མི་བསྡུ་ཚོགས་སུ་བློ་འདྲིའི་ཁུལ་དང་། ཁ་རྒྱུགས་ཁུལ། ངལ་གསོ་ཁུལ་བཅས་བཙུགས་ནས་གཅིག་འཐུས་རང་བཞིན་གྱི་ལས་འཚོལ་ཞབས་འདེགས་ཞུ་བཞིན་ཡོད། ཚོགས་རའི་ནང་གི་བརྙལ་ཡོལ་ཆེན་པོ་ཞིག་ལས་ལས་ཀ་འཚོལ་མཁན་མང་པོའི་མིག་དབང་འཕྲོག་པ་དང་། ལས་དོན་པས“བརྙལ་ཡོལ་ཐོག་ཧྲའན་ཞི་ཞིང་ཆེན་དང་ཧོ་པོ་ཞིང་ཆེན་གྱི་བོད་སྐྱོར་ལས་གནས་སྟོན་གྱི་ཡོད། ང་ཚོས་ལྗོངས་ཕྱིར་ལས་ཞུགས་བྱེད་པར་སྐུལ་ལྕག་བྱེད་ཀྱི་ཡོད། དེར་ཁ་གསབ་སྲིད་ཅུས་ཡོད་པ་རེད། ལས་གནས་དེ་དག་བརྩོན་ལེན་བྱ་ཆེད། ང་ཚོས་ཧོ་པེ་ཞིང་ཆེན་དང་ཧྲའན་ཞི་ཞིང་ཆེན་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་ཞིང་ཆེན་གཉིས་དང་ཁེ་ལས་གསུམ་ལ་འཚམས་ལན་སློག་པ་སོགས་ཀྱི་བྱ་ཐབས་བརྒྱུད་ལས་གནས་སུ་ལས་མི་བསྡུ་བའི་བླང་བྱ་དམའ་རུ་བཏང་ནས་ལས་གནས་དང་འཚམ་ཚད་སྔར་བས་ཆེ་རུ་བཏང་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
རི་ཐོག་རྫོང་ནས་ཡོང་བའི་ལོ་འདི་གའི་སློབ་ཐོན་སློབ་མ་བདེ་སྐྱིད་བཟང་མོས་རང་ཉིད་དྲ་ཐོག་གི་ལས་མི་བསྡུ་ཚོགས་དེ་རིགས་ལ་ཞུགས་ཐེངས་དང་པོ་ཡིན་ཞེས་བཤད། ཕྱི་རུ་སློབ་སྦྱོང་བྱས་ནས་ལོ་བཅུ་ཙམ་སོང་རྗེས་སུ། ཁོ་མོ་མངའ་རིས་སུ་ལོག་ནས་ལས་ཀར་ཞུགས་པ་དང་གཞི་རིམ་དུ་ཕ་ཡུལ་གྱི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་བཞིན་ཡོད། ཁོ་མོས“ངའི་ཆེད་ལས་ནི་ཞིང་ནགས་དཔལ་འབྱོར་དོ་དམ་ཡིན། དེ་རིང་འདི་གར་ལས་གནས་འཚམ་པ་ཧ་ཅང་མང་པོ་ཡོད་པ་མ་ཟད། བསམ་འདུན་གྱི་ལས་གནས་ལ་ཐོ་བཀོད་པ་ཡིན། ངས་གཞི་རིམ་ནས་འགོ་བཙུགས་ཏེ་འདི་གར་ལས་ཀ་བྱེད་པའི་གོ་སྐབས་ལ་གཅེས་སྤྲས་བྱས་ནས་སློབ་སྦྱོང་མང་པོ་བྱེད་ཀྱི་ཡིན། རང་ཉིད་ཀྱི་རིན་ཐང་མངོན་ཐུབ་པའི་རེ་བ་ཡོད”ཅེས་བཤད།
མིང་ཐོ་འགོད་བཞིན་པ།
དམངས་གཉེར་ཁེ་ལས་ཀྱི་འགན་འཁུར་བ་ཞིག་གིས“ད་ཐེངས་ང་ཚོར་ལས་གནས་བཞི་ལ་མི་བསྡུ་བཞིན་ཡོད། ལས་མི་བསྡུ་ཚོགས་སུ་ཞུགས་མཁན་ཧ་ཅང་མང་ཞིང་ལས་ཀ་འཚོལ་མཁན་གྱི་བྱང་ཚད་ཀྱང་ཧ་ཅང་ཕུལ་དུ་བྱུང་བས། ང་ཚོའི་ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོ་དང་མཐུན་གྱི་འདུག”ཅེས་བཤད། ཁོང་གིས“དེ་སྔ་ང་ཚོས་གྲོགས་ཚོམས་དང་སྐད་འཕྲིན་སོགས་བརྒྱུད་ལས་མི་བསྡུ་བའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ་དང་ལས་ཀ་འཚོལ་མཁན་ཚང་མ་གྲོགས་པོས་ངོ་སྤྲོད་བྱས་པ་ཤ་སྟག་རེད། ད་ཆ་ལས་མི་བསྡུ་ཚོགས་ཐོག་ལས་ཀ་འཚོལ་མཁན་དང་ཁེ་ལས་གཅིག་ཏུ་འཛོམས་ནས། ཕྱོགས་གཉིས་ཀས་ཕན་ཚུན་གདམ་ག་བྱེད་ཆོག་པས་ང་ཚོར་མཚོན་ན་ཧ་ཅང་སྟབས་བདེ་པོ་འདུག་ལ། ཕྱིས་སུ་ལས་སྟེགས་འདི་ལྟ་བུ་དེ་བས་མང་བ་ཡོང་བའི་རེ་བ་ཡོད”ཅེས་བཤད།
མངའ་རིས་ས་ཁུལ་མི་སྤྱི་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། “ད་ཐེངས་ཀྱི་ལས་མི་བསྡུ་ཚོགས་ཀྱི་ཁྱད་ཆོས་ཆེ་ཤོས་ནི་ཤོག་བུ་མི་དགོས་པ་དེ་རེད། ལས་གནས་ཚང་མ་མངའ་རིས་བསྡུ་སླ་ཞེས་པའི་མཉེན་ཆས་ནས་རྙེད་ཐུབ་པས་ལས་ཀ་འཚོལ་མཁན་གྱིས་འགྲེམས་གནས་ཁག་གི་བརྙན་ཤེལ་ཐོག་གི་རྩ་གཉིས་ཨང་རྟགས་བཤེར་ཏེ། གློག་རྡུལ་གྱི་རང་སོ་སོའི་ལོ་རྒྱུས་མདོར་བསྡུས་བསྐུར་ཆོག་པ་དང་། དུས་མཚུངས་ང་ཚོས་རྫོང་ཁག་ལ་སྤྲད་པའི་ལས་མི་བསྡུ་ཚོགས་ཀྱི་བརྡ་ཐོའི་ཐོག་དུའང་རྩ་གཉིས་ཨང་རྟགས་བཀོད་ཡོད། བྱ་རིམ་ཆུང་གྲས་ཐོག་ཏུ་ད་ཐེངས་ཀྱི་ལས་མི་བསྡུ་ཚོགས་ཁ་ཤོག་ཐོག་བཀོད་ཡོད་པས་བསྡུ་ཚོགས་སུ་ཡོང་མ་ཐུབ་པའི་ལས་ཀ་འཚོལ་མཁན་གྱིས་ཐད་ཀར་དྲ་ཐོག་ནས་ཞུགས་ཆོག”ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་མངའ་རིས་ས་ཁུལ་གྱིས་རྒྱུན་གཏན་གྱི་ལས་མི་བསྡུ་ཚོགས་སྤེལ་ནས་ཞིང་ཆེན་གཉིས་དང་ཁེ་ལས་གསུམ་གྱི་ལས་གནས་གསར་སྤེལ་འབྲེལ་མཐུད་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། ས་ཁུལ་གྱི་གཞོན་ནུའི་ཚོགས་སྤྱི་དང་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ལ་རོགས་རམ་བྱས་ཏེ། ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། དཔལ་གཡང་།