ལྷ་སར་བརྟག་ཞིབ་བཅར་འདྲིའི་བྱེད་སྒོ་འདི་འགོ་ཚུགས།
སྤེལ་དུས 2024-09-06
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ9པའི་ཚེས1ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྒྲིག་འཛུགས་བྱས་པའི“གཅིག་མཐུན་ཚོགས་པ་བརྟན་པོར་འཛུགས། ཀྲུང་ཧྭ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་དང“གངས་ལྗོངས་ས་མཐོའི་རྣམ་པ་གསར་པ”བརྟག་ཞིབ་བཅར་འདྲིའི་བྱེད་སྒོ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་དངོས་སུ་འགོ་ཚུགས་པ་རེད།
ཡུལ་དངོས་ཀྱི་ལྷ་མོ་འཁྲབ་སྟོན།
འགོ་འཛུགས་མཛད་སྒོའི་ཐོག་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་དང་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལེའོ་ཁེན་གྱིས་གཙོ་སྐྱོང་གནང་བ་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཝང་ཆང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་སོགས་ཀྱིས་རིམ་བཞིན་ཤིས་ཚིག་དང་གཏམ་བཤད་གནང་བ་རེད། ཡུལ་དངོས་སུ་དྲིལ་བསྒྲགས་གློག་བརྙན《བོད་ལྗོངས་མཐོང་བ》དང་། ལྷ་མོའི《རྔོན་པའི་འདོན》བྱིས་པའི་མཉམ་གཞས་འཁྲབ་སྟོན《གངས་ལྷ་མེ་ཏོག》བཅས་ལ་བལྟས་པ་རེད།
འགོ་ཚུགས་མཛད་སྒོའི་ཡུལ་དངོས།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་མཉམ་དུ་སྤེལ་བའི“གཅིག་མཐུན་ཚོགས་པ་བརྟན་པོར་འཛུགས། ཀྲུང་ཧྭ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་དེས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས་རིམ་ཁག་སྨྱན་སྦྱོར་སྒྲིག་འཛུགས་བྱས་ཏེ་ནང་སོག་དང་། ཉིང་ཞ། ཀོང་ཞིས། བོད་ལྗོངས། ཤིན་ཅང་སོགས་སུ་བརྟག་ཞིབ་དང་བཅར་འདྲི་བྱས་ ཏེ་རང་སྐྱོང་ལྗོངས་ལྔ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་ལེན་མཐར་ཕྱིན་བསྟར་བའི་བཀྲག་མདངས་འཚེར་ས་དང་ཕན་འབྲས་དྲིལ་བསྒྲགས་གང་ལེགས་བྱ་རྒྱུ་རེད།
ཐེངས་འདིའི་བརྗོད་དོན་གཙོ་བོའི་བཅར་འདྲི་དུས་ཡུན་ཉིན14ཡིན་པ་དང་། ཀྲུང་དབྱང་དང་ས་གནས་ཀྱི་གསར་འགྱུར་སྨྱན་སྦྱོར་གཙོ་བོ་དང་ལས་རིགས་སྨྱན་སྦྱོར་གྱི་རྩོམ་སྒྲིག་པ་དང་གསར་འགོད་པ100ལྷག་ཙམ་ལས་གྲུབ་པའི་བརྟག་ཞིབ་བཅར་འདྲི་ཚོགས་པ་ཁག་གསུམ་དུ་བགོས་ནས་བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་དུ་བསྐྱོད་དེ་ཟུར་ཚད་མང་བ་དང་སྨྱན་སྦྱོར་སྣ་མང་ལ་བརྟེན་ནས་བོད་ལྗོངས་ཀྱིས“དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞིའི”འཕེལ་རྒྱས་ཀྱི་གྲུབ་འབྲས་ཡག་པོ་བཤད་དེ་འཛམ་གླིང་ཡོངས་ལ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཞིག་སྟོན་རྒྱུ་རེད།
རྩོམ་སྒྲིག་པ། དཔལ་གཡང་།