ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ9པའི་ཚེས3ཉིན“བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ཀྱི་ལོ་རྒྱུས་ངེས་སྲོལ་དང་སྲིད་ཇུས་ཁྲིམས་སྲོལ”གྱི་བགྲོ་གླེང་སྤེལ་རེས་ཚོགས་འདུ་ཀན་སུའུ་ཞིང་ཆེན་ལན་ཀྲུ་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཆོས་དཔོན་ཁྲང་ཙང་གིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚབ་ཞུས་ནས་ཤིས་ཚིག་གསུངས་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྤྲུལ་སྐུ་འཇམ་དབྱངས་བཞད་པ། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བློ་འདྲི་གྲོས་མོལ་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་སྤྲུལ་སྐུ་རིན་ཆེན་རྣམ་རྒྱལ་བཅས་ཀྱིས་སོ་སོར་ཤིས་ཚིག་གསུངས་པའམ་ཡང་ན་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད། འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ནས་ཡོང་བའི་སྤྲུལ་སྐུ་དང་། མཁན་པོ། ཡོངས་འཛིན་སོགས་བོད་བརྒྱུད་ནང་བསྟན་གྱི་འཐུས་མི་དང་དེ་བཞིན་ཆེད་མཁས་པ་དང་མཁས་དབང་སོགས་མི50ལྷག་ཙམ་བགྲོ་གླེང་སྤེལ་རེས་ནང་ཞུགས་ཡོད།
བགྲོ་གླེང་སྤེལ་རེས་ཚོགས་འདུའི་ཡུལ་དངོས།
ད་ཐེངས་ཀྱི་བགྲོ་གླེང་སྤེལ་རེས་ཚོགས་འདུའི་ཐོག“བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ཀྱི་ལོ་རྒྱུས་ངེས་སྲོལ་དང་སྲིད་ཇུས་ཁྲིམས་སྲོལ”བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་ཀྱི་ལོ་རྒྱུས་ངེས་སྲོལ། ཆོས་ལུགས་ཀྱི་ཆོ་ག་དང་སྲིད་ཇུས་ཁྲིམས་སྲོལ་རྣམས་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་ཤེས་རྟོགས་ཐུབ་པ་དང་། རྒྱལ་ནང་དུ་འདྲི་འཚོལ་དང་། གསེར་བུམ་དཀྲུག་འདོན་དང་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་སོགས་ལོ་རྒྱུས་ངེས་སྲོལ་ནི་སྤྲུལ་སྐུའི་ཡང་སྲིད་ཀྱིས་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པའི་རྩ་དོན་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གང་ལེགས་ཐུབ་པར་བྱས་ཏེ། སྤྲུལ་སྐུའི་ཡང་སྲིད་ཀྱི་ལས་དོན་ལ་ཁྲིམས་ལྟར་དོ་དམ་དང་། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ཐུབ་པར་སྐུལ་འདེད། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བཅས་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།
ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཆོས་དཔོན་ཁྲང་ཙང་གིས་ཤིས་ཚིག་གསུངས་བཞིན་པ།
ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྤྲུལ་སྐུ་འཇམ་དབྱངས་བཞད་པས་ཤིས་ཚིག་གསུངས་བཞིན་པ།
ད་ཐེངས་ཀྱི་བགྲོ་གླེང་སྤེལ་རེས་ཚོགས་འདུ་ནི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་སློབ་གླིང་དང་མཉམ་འབྲེལ་སྒོས་གཙོ་སྒྲུབ་གནང་བ་ཞིག་ཡིན།
རྩོམ་སྒྲིག་པ། མང་ག་མཚོ།