ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱང་སྐྱོད་ལམ་བུ་སྟེང་གི་དྲན་ཤེས་གསལ་པོ།

སྤེལ་དུས 2024-09-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པ“རྔ་བར་མཇལ་འཛོམས། རིན་ཆེན་གཏེར་མཛོད་ཀྱི་གནས་མཆོག་འབར་ཁམས་འཚོལ་བ”ཞེས་པའི་བཅར་འདྲིའི་བྱེད་སྒོ་དང་འགྲོགས་ཏེ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབའ་ཁམས་གྲོང་ཁྱེར་གྱི་ཅོག་ཙེ་རྒྱལ་པོའི་རྒྱལ་ཁང་དུ་ཕྱིན།
       རྒྱལ་པོའི་རྒྱལ་ཁང་ལ་ཐུའུ་སི་ཡཱ་ཧྲུའུ་ཡང་ཟེར་ཞིང་། དེ་ནི་ཡོན་རྒྱལ་རབས་ཀྱིས་ཐུའུ་སིའི་ལམ་ལུགས་ལག་ལེན་བསྟར་བ་དང་བསྟུན་ནས་བྱུང་བའི་དམིགས་བསལ་གྱི་འཛུགས་སྐྲུན་ཞིག་ཡིན་པ་རེད། དེ་ནི་རྡོ་དང་ཤིང་། ས་སོགས་ལས་གྲུབ་པའི་འཛུགས་སྐྲུན་གྱི་རིགས་སུ་གཏོགས་ལ།  ས་ངོས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1400ལྷག་ཙམ་ཟིན་ཡོད། ཁང་པའི་ཐོག་བརྩེགས་རེ་རེ་ལ་འཁྱོག་ཁྱམས་ལྡན་ཞིང་། ཁྱམས་རའི་ཕྱི་རོལ་དུ་ཁྲ་མའི་མེ་ཏོག་གིས་ལྷུག་པར་བརྒྱན་ཡོད། ཁང་པ་ཧྲིལ་པོ་གྲུབ་ཚུལ་ནི་ཕྲེང་སྦྲེལ་རྣམ་པ་ཡིན་ཞིང་། འཛེར་མ་སོགས་རྒྱུ་ཆ་གཞན་གཅིག་ཀྱང་སྤྱད་མེད་པས་རྩེར་སོན་གྱི་འཛུགས་སྐྲུན་སྒྱུ་རྩལ་ཕྱིར་རུ་མངོན་ཡོད། དེ་བས་དེ་ལ་ཤར་ཕྱོགས་ཀྱི་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་མུ་ཏིག་ཅེས་པའི་མཚན་སྙན་ཆགས་ཡོད།
       1935ལོར། དམར་དམག་རྒྱང་སྐྱོད་བྱས་ནས་འབར་ཁམས་ཡུལ་དུ་བརྒྱུད་སྐབས་ཅོག་ཙེ་རྒྱལ་པོའི་རྒྱལ་ཁང་ནས་གཟའ་འཁོར་གཅིག་རིང་ལ་ངལ་གསོ་དང་དག་ཐེར་བྱས། ཛ་དྲག་ཆེ་བའི་གཟའ་འཁོར་གཅིག་གི་རིང་། དམར་དམག་གིས་ལས་དོན་གཙོ་བོ་གསུམ་བསྒྲུབས་ཡོད་དེ། མི་རིགས་གནད་དོན་ཐག་གཅོད་དང་། འབྲུ་རིགས་གྲབས་གསོག དེ་བཞིན་དམག་དཔུང་ངལ་གསོ་དང་དག་ཐེར་བཅས་བྱས་པ་རེད།
       རྒྱལ་ཁང་གི་ཐོག་སོ་གཉིས་པར་ཕྱག་དཔེ་ཁང་ཟེར་བ་ཞིག་ཡོད་ཅིང་། དེ་ནི་དམར་དམག་དང་རྒྱལ་ཁང་འཕྲད་པའི་བདེན་དཔང་དེ་ཡིན། ཕྱག་དཔེ་ཁང་དུ་ད་དུང་ཐུའུ་སི་ཡིས་ཉར་ཚགས་བྱས་པའི་བོད་རྒྱའི་གནའ་དཔེ་དེ་རུ་ཉར་ཡོད། དམར་དམག་ཅོག་ཙེ་རྒྱལ་པོའི་རྒྱལ་ཁང་དུ་འབྱོར་རྗེས། མའོ་ཙེ་ཏུང་ཁང་པ་དེའི་ནང་དུ་བཞུགས་པ་ཡིན། ཁོང་ལ་བག་ཆགས་ཟབ་ཤོས་ནི་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་བཙེམས་མ་ཞིག་ཡོད་པ་དེ་རེད། ཁོམ་ལོང་གི་དུས་ཚོད་སྤྱད་ནས་མའོ་ཙེ་ཏུང་གིས་རྒྱལ་ཁང་ནང་ནས་དེབ་བསྐྱར་ཀློག་གནང་པ་ཡིན། ཕལ་ཆེར་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་ཅེས་པའི་ནང་ཁོང་གིས་དེབ་དེའི་ནང་གི་གནས་ལུགས་ཀྱིས་ཕྱུག་པའི་ནང་དོན་ཟབ་མོ་དག་རྟོགས་ཡོད་སྲིད། ཕྱིས་སུ་མའོ་ཙེ་ཏུང་གིས་གནའ་དུས་ཀྱི་མའེ་ཝུའུ་དང་དེང་སྐབས་ཀྱི་རྒྱལ་ཁང་། ཅོག་ཙེ་རྒྱལ་པོའི་རྒྱལ་ཁང་ནི་ང་ཚོས་རྒྱང་སྐྱོད་ཀྱི་ལམ་བར་དུ་མཐོང་བའི་འཛུགས་སྐྲུན་ཁྲོད་ཆེས་ཁྱད་ཆོས་ལྡན་ཤོས་ཀྱི་འཛུགས་སྐྲུན་ཤིག་ཡིན་སྲིད་ཅེས་གདེང་འཇོག་གནང་མྱོང་ཡོད།
       1988ལོའི་ཟླ་དང་པོར། ཅོག་ཙེ་རྒྱལ་པོའི་རྒྱལ་ཁང་འདི་ཉིད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཁག་གསུམ་པའི་གྲས་ཤིག་ཡིན་པའི་ཁྱབ་བསྒྲགས་བྱས་ཤིང་། 2006ལོའི་ཟླ2པར། ཀྲུང་གུང་སི་ཁྲོན་ཞིང་ཨུད་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སི་ཁྲོན་ཞིང་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཞིག་ཡིན་པའི་ཁྱབ་བསྒྲགས་བྱས།
རྩོམ་སྒྲིག་པ། སྣང་རྡོར།