ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ9པའི་ཚེས22ཉིན“སྟོན་དུས་ཀྱི་ཕུགས་འདུན། ལང་ཚོའི་རྒྱུན་མཐུད”ཅེས་པའི་བརྗོད་དོན་གཙོ་བོའི་ཁྲེང་ཀོན་ཆུས་ཀྱི་ཕྱི་རོལ་སྤྲོ་འཕེལ་བྱེད་སྒོ་ལྷ་སར་སྤེལ་ཞིང་། ད་ཐེངས་ཀྱི་བྱེད་སྒོ་ཁྲེང་ཀོན་ཆུས་རིག་གནས་དང་ཡུལ་སྐོར་ཅུས་དང་ཁྲེང་ཀོན་ཆུས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་སྒྲོན་མེ་ལུས་རྩལ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིས་གཉེར་འགན་འཁུར་བ་ཞིག་ཡིན་ལ། ལས་བྱེད་པ་དང་། སློབ་མའི་ཚོགས་སྤྱི། མཐའ་འཁོར་སྡེ་ཁུལ་གྱི་གྲོང་མི། དེ་བཞིན་ལས་རོགས་དགེ་རྒན་སོགས་ལུས་རྩལ་དགའ་མོས་པ90ལྷག་ཙམ་ཞུགས་ཡོད།
སྔ་དྲོའི་ཆུ་ཚོད་བཅུ་པར་ཚང་མ་ལྷོ་སྐོར་ལམ་གྱི་སྒྲོན་མེ་ལུས་རྩལ་སྤྱི་གླིང་དུ་འཛོམས་ནས་སྤྱི་ཁྱབ་རྩལ་ཁྲིད་པ་འཇིགས་མེད་ཚེ་བརྟན་གྱི་གསལ་འགྲེལ་དང་སྣེ་ཁྲིད་འོག་གྲབས་སྦྱོང་དང་། རོལ་རྩེད་སྒྲིག་སྲོལ། བྱ་དགའ་སྤྲོད་སྟངས་ཤེས་རྟོགས། ཚོགས་ཆུང་ཁག་བགོས་སོགས་བྱེད་འགོ་ཚུགས་པ་དང་། གྲ་སྒྲིག་བྱས་རྗེས་སྤྲོ་འཕེལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་ཡོད། སྔ་དྲོའི་བྱེད་སྒོར་ཀྲུང་གོའི་གནའ་རབས་ཀྱི་སྤྲོ་འཕེལ་རོལ་རྩེད་དང་། བོད་ལྗོངས་ཀྱི་སྲོལ་རྒྱུན་དམངས་ཁྲོད་རོལ་རྩེད་གླང་རྭར་རྡོ་ཞུ་བ་དང་། སྤྲོ་འཕེལ་སྡེར་འཕེན། སྤྲོ་འཕེལ་སྐམ་ཁུལ་འཁྱགས་འདྲེད་སྤོ་ལོ་སོགས་སྲོལ་རྒྱུན་དང་དར་ཁྱབ་ཆེ་བའི་ལུས་རྩལ་རྣམ་གྲངས་མང་པོ་བཀོད་སྒྲིག་བྱས་ཡོད།
“ཁོག་ལྟིར་ནང་མདའ་འཕེན་པ་ནི་ཀྲུང་གོའི་གནའ་རབས་སུ་གསོལ་སྟོན་བཤམས་སྐབས་རྩེ་བའི་འཕེན་རྩེད་ཅིག་ཡིན་ལ་གུས་ལུགས་ཤིག་ཀྱང་ཡིན། གནའ་བོའི་གློག་བརྙན་ལ་དགའ་པོ་ཡོད་མཁན་ཚང་མས་མཐོང་མྱོང་ཡོད་སྲིད་ལ། དེ་ནི་རོལ་རྩེད་པས་ཁོག་ལྟིར་དང་བར་ཐག་ངེས་ཅན་ཡོད་སར་རེས་མོས་ངང་ལངས་ནས་ལག་པས་མདའ་ཁོག་ལྟིར་ནང་འཕེན་རྗེས་མདའི་མང་ཉུང་རྩིས་རྒྱག་པའི་རོལ་རྩེད་ཅིག་རེད།” “གླང་རྭར་རྡོ་ཞུས་པ་ནི་ད་བར་དར་ཁྱབ་བྱུང་བའི་བོད་ལྗོངས་ཀྱི་གནའ་བོའི་དམངས་ཁྲོད་སྲོལ་རྒྱུན་ལུས་རྩལ་བྱེད་སྒོ་ཞིག་ཡིན་ཞིང་། དེར་རོལ་རྩེད་རང་བཞིན་དང་། སྤྲོ་འཕེལ་རང་བཞིན། ཐབས་རྩལ་རང་བཞིན་བཅས་ཆེན་པོ་ལྡན་ཡོད་ལ། གཟུགས་པོར་སྦྱོང་བརྡར་ཐེབས་པ་མ་ཟད། ད་དུང་ང་ཚོར་དེའི་ནང་ཞུགས་པའི་སྤྲོ་སྣང་ཡང་སྦྱིན་ཐུབ” བྱེད་སྒོ་ཚང་མ་འགོ་མ་འཛུགས་གོང་འཇིགས་མེད་ཚེ་བརྟན་གྱིས་བྱེད་སྒོའི་ནང་ཞུགས་མཁན་ཚོར་ལུས་རྩལ་དེའི་འབྱུང་ཚུལ་དང་འཕེལ་རྒྱས་འགྲོ་ཚུལ་རེ་རེ་བཞིན་གསལ་འགྲེལ་བྱས་པས་ཚང་མས་ནན་ཏན་ངང་ཉན་རྗེས་བྱེད་སྒོ་ནང་ཧུར་ཐག་ཞུགས་ཡོད། བྱེད་སྒོའི་ཡུལ་དངོས་སུ་འཁྲུག་ཆ་དོད་ལ་དགོད་སྒྲས་ཁེངས་ནས་ལུས་སྦྱོང་གི་རྣམ་པ་ཟབ་མོ་ཞིག་བསྐྲུན་ཡོད།
“ཚང་མས་ལུས་རྩལ་རོལ་རྩེད་མི་འདྲ་བ་མྱོང་རོལ་ཐུབ་ལ། རང་གིས་རང་ལ་འགྲན་སློང་དང་། མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ། མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སྤྱོད་བཅས་ཐུབ་ནས་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བ་མཐོང་སྐབས་སེམས་གཏིང་ནས་དགའ་ཚོར་ཆེན་པོ་སྐྱེས་ཀྱི་འདུག ང་ཚོ་སྒྲོན་མེ་ལུས་རྩལ་གྱིས་ཐོག་མཐའ་བར་གསུམ་དུ‘རྩེད་རྒྱུར་དགའ་བ་དང་། རྩེད་ཕོད་པ། རྩེད་ཤེས་པ’བཅས་ཀྱི་འདུ་ཤེས་ལག་བསྟར་བྱེད་ཀྱི་ཡོད་ལ། རྩེད་མོ་རྩེད་རྒྱུ་ནི་མཐོ་རིམ་གྱི་སློབ་སྦྱོང་དང་གནོན་ཤུགས་ཆུང་དུ་གཏོང་བའི་ཐབས་ཤེས་ཤིག་ཀྱང་ཡིན། ཚང་མས་སློབ་གྲྭ་དང་ཚན་པའམ་ཡང་ན་ས་ཆ་གཞན་གང་དུ་ཡིན་རུང་ཧུར་སྐྱེད་ཡར་བརྩོན་གྱི་མི་ཚེའི་རྣམ་འགྱུར་དང་སྤྲོ་སྣང་ལྡན་པའི་འཚོ་བའི་ཉམས་འགྱུར་རྒྱུན་འཁྱོངས་བྱ་རྒྱུའི་རེ་བ་ཡོད”ཅེས་བོད་ལྗོངས་སྒྲོན་མེ་ལུས་རྩལ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་དང་བྱེད་སྒོའི་སྤྱི་ཁྱབ་རྩལ་ཁྲིད་པ་འཇིགས་མེད་ཚེ་བརྟན་གྱིས་བཤད།
ཕྱི་དྲོར་སྒྲོན་མེ་དགའ་ཚལ་གྱི་སྐམ་སའི་རབ་མྱོས་རོལ་རྩེད་དང་དེ་བཞིན་སྤོ་ལོ་བླུགས་པའི་འགྲན་བསྡུར་སོགས་སྤྲོ་འཕེལ་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ཞིང་། བྱེད་སྒོ་ཧྲིལ་པོར་འགྲན་ཞུགས་པ་ཚང་མས་ཕྱར་བ་གྲུ་འདེགས་ཀྱིས་ཧུར་ཐག་ཞུགས་ནས་མཐུན་སྒྲིལ་དང་སྤྲོ་སྣང་ལྡན་པའི་ལུས་རྩལ་གྱི་སྟོན་མོ་གཟབ་རྒྱས་དེ་ལོངས་སུ་སྤྱོད་བཞིན་ཡོད།
ད་ཐེངས་ཀྱི་འགྲན་བསྡུར་ནང་སྐར་གསོག་འགྲན་བསྡུར་གྱི་ལམ་ལུགས་ཐོག་ནས་ཨང་དང་པོ་དང་གཉིས་པ་གསུམ་པ་བཅས་བཀོད་སྒྲིག་བྱས་ཤིང་། སྤྱི་ཁྱབ་རྩལ་ཁྲིད་པ་འཇིགས་མེད་ཚེ་བརྟན་གྱིས་བྱ་དགའ་ཐོབ་མཁན་ཚོགས་པར་ཁ་བཏགས་བསྒྲོན་པ་དང་འབྲེལ་བྱ་དགའ་ཡང་སྤྲད་པས། མི་རྣམས་ཀྱི་གདོང་ལས་བྱ་དགའ་ཐོབ་པའི་སྤྲོ་སྣང་གིས་ཁེངས་ཡོད། “དེ་སྔ་སྒྱུ་རྩལ་ལེ་ཚན་ཁག་གཅིག་ནང་སྤྲོ་འཕེལ་ལུས་རྩལ་དང་རོལ་རྩེད་རྣམ་གྲངས་རྟག་ཏུ་མཐོང་རྒྱུ་ཡོད་མོད། འོན་ཀྱང་ལྷ་སར་མྱོང་རོལ་ཐུབ་པར་བསམ་མ་བྱུང་། བྱེད་སྒོའི་ནང་དོན་སྤྲོ་སྣང་ལྡན་པས་ཧ་ཅང་སྐྱིད་པོ་བྱུང་ལ། གཟའ་མཇུག་འདིར་ཉམས་ལེན་བྱེད་མ་མྱོང་བའི་སྤྲོ་འཕེལ་ལུས་རྩལ་མང་པོ་འདི་འདྲ་རིན་མེད་ངང་ཉམས་ལེན་བྱ་རྒྱུ་བྱུང་བས་དངོས་གནས་དོན་སྙིང་ལྡན་པ་ཞིག་བྱུང”ཞེས་བྱེད་སྒོའི་ནང་ཞུགས་མཁན་ལུས་རྩལ་དགའ་མོས་པ་བདེ་སྒྲོན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
རྩོམ་སྒྲིག་པ། དཔལ་གཡང་།