ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཡུག་རེན་ལ་ཤུགས་དྲག་ཆེ་བའི་མཚོན་ཆ་མཁོ་འདོན་བྱེད་སྲིད་དམ།

སྤེལ་དུས 2024-10-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       ལྷོ་ཁོ་རེ་ཡའི་རྒྱལ་སྲུང་པུའུ་ཡིས་ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས21ཉིན། བྱང་ཁོ་རེ་ཡས་ཨུ་རུ་སུར་དམིགས་བསལ་དཔུང་སྡེ་མངགས་གཏོང་བྱས་ནས་དཔུང་རོགས་བྱས་པ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལས་འགལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་རེད་ཅེས་བཤད་ཡོད།
       ལྷོ་ཁོ་རེ་ཡའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཆོན་ཧོ་ཁུའེ་ཡིས་ཉིན་དེའི་གསར་འགོད་པའི་ཚོགས་འདུའི་ཐོག བྱང་ཁོ་རེ་ཡས་དམག་མི་བཏང་ནས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་ནང་ཞུགས་པའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒོལ་གཏམ་གཏོང་དགོས་དང་། ལྷོ་ཁོ་རེ་ཡ་ཕྱོགས་ཀྱིས་དེའི་ཐད་རྒོལ་གཏམ་དྲག་པོ་གཏོང་རྒྱུ་མ་ཟད། བྱང་ཁོ་རེ་ཡ་ཕྱོགས་ལ་བྱ་སྤྱོད་དེ་རིགས་འཕྲལ་མར་མཚམས་འཇོག་རྒྱུའི་ཐ་ཚིག་སྒྲོག་རྒྱུ་ཡིན་ཞེས་བཤད།
       བྱང་ཁོ་རེ་ཡ་ཕྱོགས་ཀྱིས་མིག་སྔར་དེའི་ཐད་གནས་སྐབས་ལན་ཆ་བྱས་མེད།
       ལྷོ་ཁོ་རེ་ཡ་སྲིད་གཞུང་གིས་ཡུག་རེན་ལ་ཤུགས་དྲག་ཆེ་བའི་མཚོན་ཆ་མཁོ་འདོན་བྱ་རྒྱུར་བསམ་གཞིགས་བྱེད་མིན་ཐད། ཆོན་ཧོ་ཁུའེ་ཡིས།  བྱང་ཁོ་རེ་ཡ་དང་ཨུ་རུ་སུའི་དམག་དོན་མཉམ་ལས་ཀྱི་འཕེལ་ཕྱོགས་ལ་བལྟས་ནས་དགོས་ངེས་ཀྱི་བྱེད་ཐབས་ལ་ཞིབ་བསྡུར་བྱ་རྒྱུ་ཡིན་ཞེས་བཤད་པ་དང་། བྱང་ཁོ་རེ་ཡས་ཨུ་རུ་སུར་དམག་མི་དཔུང་རོགས་སུ་བཏང་བའི་དོན་དེར་བྱང་ཆིངས་དང་ཨ་རིའི་གཞུང་ཕྱོགས་ཀྱི་ར་སྤྲོད་ཐོབ་མེད་ཅེས་པའི་དྲི་བར། ཆོན་ཧོ་ཁུའེ་ཡིས། ངས་ཤེས་རྟོགས་བྱས་པར་གཞིགས་ན། ལྷོ་ཁོ་རེ་ཡའི་རྒྱལ་ཁབ་གསང་འཕྲིན་ཁང་དང་ཙུང་ཐུང་གཞུང་དོན་ཁང་གིས་འབྲེལ་ཡོད་ནང་དོན་ཡོངས་བསྒྲགས་མ་བྱས་གོང་ཨ་རི་ཕྱོགས་ལ་ཆ་འཕྲིན་མཉམ་སྤྱོད་བྱས་ཟིན་པ་མ་ཟད་མཐུན་སྦྱོར་ཡང་བྱས་ཟིན་ཞེས་བཤད།
       གཞན་ཡང་ལྷོ་ཁོ་རེ་ཡའི་ཕྱི་འབྲེལ་པུའུ་ཡིས་ཚེས21ཉིན་བརྡ་ཁྱབ་བཏང་བར་གཞིགས་ན། ལྷོ་ཁོ་རེ་ཡའི་ཕྱི་འབྲེལ་པུའུ་ཡི་དཔོན་རིགས་ཅིན་ཧུང་ཅུན་གྱིས་ཚེས21ཉིན་གྱི་ཕྱི་དྲོ་ལྷོ་ཁོ་རེ་ཡར་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཆེ་མོ་བ་ཀེ་ཨོར་ཅི·ཅི་ནུའོ་ཝེ་ཡེ་ཧྥུ་དང་ཐུག་འཕྲད་བྱས་ནས་བྱང་ཁོ་རེ་ཡས་ཨུ་རུ་སུར་དམག་མི་དཔུང་རོགས་སུ་བཏང་བའི་སྐོར་ལ་རྒོལ་གཏམ་བཏང་ཡོད་པ་རེད། ཨུ་རུ་སུ་དང་བྱང་ཁོ་རེ་ཡ་ཕྱོགས་ཀྱིས་མིག་སྔར་དོན་དེའི་ཐད་ལ་གནས་སྐབས་ལན་ཆ་བྱས་མེད།