ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་སུ་གཤགས་བཅོས་འདི་ཐོག་མར་ལེགས་གྲུབ་བྱུང་འདུག

སྤེལ་དུས 2024-11-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       ཉེ་ཆར་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་སྙིང་དང་ཁྲག་རྩའི་ཁོག་ནད་ཚན་ཁག་གི་ཆེད་མཁས་ཚོགས་པས་ཡུན་ནན་ཧྥུ་ཝའེ་སྨན་ཁང་གི་ཆེད་མཁས་དང་མཉམ་འབྲེལ་བྱས་ཐོག ལོ70ལ་སླེབས་པའི་སྐྱེས་པ་ཞིག་ལ་འདྲེན་སྐུད་མེད་པའི་སྙིང་འཕར་སྐུལ་ཆས(无导线起搏器) བསྒར་བའི་གཤགས་བཅོས་བྱས་པ་དང་། དེ་ནི་བོད་ལྗོངས་སུ་གཤགས་བཅོས་དེ་བྱེད་ཐེངས་དང་པོ་རེད།
       ནད་པ་དེར་གཅིན་པ་མངར་གྱུར་ནད་དང་། ཁྲག་ཤེད་མཐོ་བའི་ནད། སྙིང་ཤུགས་ཉམས་ཞན་ནད་སོགས་ནད་གཞི་མང་པོ་མཉམ་དུ་ཕོག་ཡོད་པས། ནད་པ་དེར་སྲོལ་རྒྱུན་གྱི་སྙིང་འཕར་སྐུལ་ཆས་བསྒར་ན་རྨ་ཁ་སོས་དཀའ་བ་སོགས་མཉམ་བྱུང་ནད་རིགས་གཞན་ལང་བའི་ཉེན་ཁ་ཡོད། དེས་ན་སྨན་པས་ནད་པ་དང་ནད་པའི་ཁྱིམ་མིར་སྐད་ཆ་ཡག་པོ་བྱས་རྗེས་ནད་པས་མོས་མཐུན་བྱས་པ་ལྟར་འདྲེན་སྐུད་མེད་པའི་སྙིང་འཕར་སྐུལ་ཆས་བསྒར་བའི་གཤགས་བཅོས་བྱ་རྒྱུའི་ཐག་བཅད་ཡོད།
       དེ་ནས་ཧ་ལམ་སྐར་མ50ཙམ་སྤྱད་ནས་གཤགས་བཅོས་བྱས་པ་དང་། གཤགས་བཅོས་ཚར་རྗེས་ནད་པའི་གཟུགས་གཞི་སྣང་དག་མེད་ཅིང་། གཤགས་བཅོས་ཡིད་བཞིན་ལེགས་གྲུབ་བྱུང་ཡོད།

གཤགས་བཅོས་ཚོ་ཆུང་གི་ཁོངས་མི་རྣམས།
       གཤགས་བཅོས་དེ་ལེགས་གྲུབ་བྱུང་བ་དེས་བོད་ལྗོངས་ཀྱི་སྙིང་དང་ཁྲག་རྩའི་ནད་བཅོས་ཐད་ལེའུ་གསར་པ་ཞིག་ཕྱེ་བ་དང་། རྒྱ་ཆེའི་ནད་པར་རེ་བ་གསར་པ་སྦྱིན་ཡོད།
       ཉེ་བའི་ལོ་ཤས་ནང་སྨན་བཅོས་ལས་ཁུངས་མང་པོ་ཞིག་གིས་འདྲེན་སྐུད་མེད་པའི་སྙིང་འཕར་སྐུལ་ཆས་ཀྱི་ལག་རྩལ་གསར་པ་སྤྱོད་པ་དང་། དེར་སྙིང་འཕར་སྐུལ་ཆས་ཀྱི་བོངས་ཚད་ཆུང་བ་དང་། ལྗི་ཚད་ཡང་བ། བེད་སྤྱོད་དུས་ཡུན་དེ་བས་རིང་བ་སོགས་ཀྱི་བཟང་ཆ་ལྡན་པ་ཕུད། དེར་ཕྱི་ཡི་འདྲེན་སྐུད་མེད་པས། སྲོལ་རྒྱུན་གྱི་སྙིང་འཕར་སྐུལ་ཆས་དང་འབྲེལ་བའི་མཉམ་བྱུང་ནད་གཞན་དག་ལང་བའི་ཉེན་ཁ་ཆུང་དུ་ཕྱིན་ཡོད།
       སྲོལ་རྒྱུན་གྱི་གཏན་འཇགས་སྙིང་འཕར་སྐུལ་ཆས་བསྒར་བའི་ལག་རྩལ་དེ་བོད་ལྗོངས་མི་དམངས་སྨན་ཁང་གིས2010ལོ་ནས་ལེགས་པར་སྤྱད་ཡོད་པ་དང་། ད་ཕན་ནད་པ300ལྷག་ཙམ་ལ་གཏན་འཇགས་ཀྱི་སྙིང་འཕར་སྐུལ་ཆས་བསྒར་བའི་གཤགས་བཅོས་བྱས་ཡོད། དེར་རྐྱང་ཁོག་སྙིང་འཕར་སྐུལ་ཆས་དང་། ཆ་ཁོག་སྙིང་འཕར་སྐུལ་ཆས། ICDབསྒར་འཇུག་གཤགས་བཅོས་སོགས་ཡོད། སྙིང་འཕར་སྐུལ་ཆས་བསྒར་རྒྱུ་ནི་སྙིང་གི་འཕར་འགྲོས་ཚབས་ཆེན་འཆོལ་བའི་ནད་བཅོས་པའི་བྱ་ཐབས་ཕན་འབྲས་ཡག་ཤོས་ཤིག་རེད། ད་ཐེངས་བོད་ལྗོངས་མི་དམངས་སྨན་ཁང་གིས་སྙིང་འཕར་སྐུལ་ཆས་བསྒར་བའི་བྱ་ཐབས་གསར་པ་སྟེ། འདྲེན་སྐུད་མེད་པའི་སྙིང་འཕར་སྐུལ་ཆས་བསྒར་བའི་གཤགས་བཅོས་ལེགས་གྲུབ་བྱུང་བ་དེས་སླད་ནད་པ་དེ་བས་མང་བར་ཕན་ཐོགས་རྒྱུ་རེད།