ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་སིང་ཀ་ཕོར་གྱི་རྒྱལ་དོན་སྲིད་སྐྱོང་ལས་རོགས་ལི་ཞན་ལུང་དང་མཇལ་འཛོམས་གནང་བ།

སྤེལ་དུས 2024-11-29 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
       ཟླ་11ཚེས་26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་སིང་ཀ་ཕོར་གྱི་རྒྱལ་དོན་སྲིད་སྐྱོང་ལས་རོགས་ལི་ཞན་ལུང་དང་མཇལ་འཛོམས་གནང་བ།
       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་སིང་ཀ་ཕོར་གྱི་རྒྱལ་དོན་སྲིད་སྐྱོང་ལས་རོགས་ལི་ཞན་ལུང་དང་མཇལ་འཛོམས་གནང་བ་རེད།
       ཞི་ཅིན་ཕིང་གིས་ལི་ཞན་ལུང་གིས་སིང་ཀ་ཕོར་གྱི་ཙུང་ལིའི་འགན་བཞེས་རིང་། སིང་ཀ་ཕོར་གྱི་སྣེ་ཁྲིད་དེ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་འབྲེལ། ཀྲུང་གོ་དང་སིང་ཀ་ཕོར་གྱི་མཉམ་ལས་ལ་ཡུན་རིང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་གདེང་འཇོག་གང་ལེགས་གནང་བ་རེད། ཞི་ཅིན་ཕིང་གིས་གསུངས་དོན། ན་ནིང་ང་ཚོས་ཀྲུང་གོ་དང་སིང་ཀ་ཕོར་གྱི་ཕྱོགས་ཡོངས་དང་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་གཏན་འཁེལ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཕྱི་ལོ་ནི་ཀྲུང་གོ་དང་སིང་ཀ་ཕོར་དབར་ཕྱི་འབྲེལ་བཙུགས་ནས་ལོ་35འཁོར་བའི་ལོ་ཞིག་ཡིན་པས། ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྔར་བས་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་ཁག་གི་མཉམ་ལས་བྱེད་ཟབ་ཏུ་བཅས་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་སྐྲུན་པ་དང་ས་ཁུལ་ཞི་བདེ་དར་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
       ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ནི་སུའུ་ཀྲོའུ་བཟོ་ལས་གླིང་ཁུལ་གསར་སྤེལ་འཛུགས་སྐྲུན་བྱས་ནས་ལོ་30འཁོར་བའི་ལོ་ཞིག་རེད། ལོ་30ཡི་རིང་། སུའུ་ཀྲོའུ་བཟོ་ལས་གླིང་ཁུལ་དེ་ཉིད“ཆུ་གསོག་བདེ་མ་གཞོང་གི་ས་ཆ་ཞིག”ནས“གསར་གཏོད་གྲོང་ཁྱེར”ལ་གྱུར་ཏེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་གསོན་ཉམས་དོད་པའི་དཔེ་མཚོན་བཏོད་ཡོད་ལ། སིང་ཀ་ཕོར་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ནང་གཏིང་ཟབ་ཞུགས་པའི་བདེན་དཔང་ཞིག་ཀྱང་རེད། ཀྲུང་གོས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པ་བཏོད་ཡོད། ཀྲུང་གོས་སེམས་ནུས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་དོན་དག་ཡག་པོ་བསྒྲུབ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་ཀྱི་ཡོད་ལ། དཔལ་འབྱོར་ཡུན་རིང་ལེགས་ཕྱོགས་སུ་འཕེལ་རྒྱུ་རྒྱུན་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཐུབ་པའི་གདེང་ཚོད་ཀྱང་ཡོད། སིང་ཀ་ཕོར་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱེད་པའི་སྔོན་སྐྱོད་པ་མུ་མཐུད་ཡག་པོ་བྱས་ཏེ། ཀྲུང་གོ་དང་སིང་ཀ་ཕོར་གྱི་ཕྱོགས་གཉིས་པོའི་མཉམ་ལས་ལམ་སྲོལ་གྱི་ཚོགས་འདུའི་ལས་སྟེགས་ཡག་པོ་སྤྱོད་པ་དང་། མཉམ་ལས་རྣམ་གྲངས་གལ་ཆེན་ཆུ་ཚད་མཐོ་པོས་གཉེར་སྐྱོང་ཡག་པོ་བྱེད་པ། གྲངས་འཛིན་ཅན་དང་ལྗང་མདོག་ཅན་གྱི་འཕེལ་རྒྱས་གོ་སྐབས་སྟངས་འཛིན་བྱེད་པ་བཅས་བྱས་ནས་དུས་རབས་གསར་པའི་ཀྲུང་གོ་དང་སིང་ཀ་ཕོར་མཉམ་ལས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
       ཞི་ཅིན་ཕིང་གིས་གསུངས་དོན། དེང་སྐབས་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད། ཉེན་ཁ་དང་འགྲན་སློང་གི་མདུན་དུ། རྒྱལ་ཁབ་གང་ཞིག་ཡིན་རུང་རང་སྲུང་གཙོ་བཞག་བྱེད་མི་ཐུབ་པས། མཐུན་སྒྲིལ་མཉམ་ལས་དང་སྒོ་དབྱེ་བསྟུན་མཁས་མཐའ་འཁྱོངས་བྱེད་པ་ནི་ཡང་དག་པའི་འཇིག་རྟེན་ཆོས་ཉིད་ཡིན། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ་དང་། དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་ཕྱོགས་དང་བསྟུན་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་བ། ཚོགས་ཁག་ཁ་གཏད་དུ་ལངས་པ་དང་ཁ་ཕྲལ་འགྲན་རྒོལ་ལ་བཀག་འགོག་བཅས་བྱས་ནས་ཨེ་ཤ་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད།
       ལི་ཞན་ལུང་གིས་གསུངས་དོན། ན་ནིང་ཟླ་3པར་ངས་ཀྲུང་གོར་གྲུབ་འབྲས་ཐོབ་པའི་ངང་འཚམས་འདྲི་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་ཀྲུང་གོ་དང་སིང་ཀ་ཕོར་གྱི་འབྲེལ་བའི་ངེས་གནས་དེ་ཕྱོགས་ཡོངས་དང་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱེད་པའི་ཁྱབ་བསྒྲགས་བྱས་པ་ཡིན། རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྔར་བས་ཤུགས་སྣོན་ཐེབས་པ་དང་། ཕྱོགས་གཉིས་པོའི་མཉམ་ལས་ལམ་སྲོལ་གྱི་ཚོགས་འདུ་བདེ་བླག་ངང་འཚོགས་ཏེ་དངོས་སྒྲུབ་ཀྱི་གྲུབ་འབྲས་མང་པོ་ཐོབ་ཡོད། སུའུ་ཀྲོའུ་བཟོ་ལས་གླིང་ཁུལ་གསར་སྤེལ་འཛུགས་སྐྲུན་བྱས་ནས་ལོ་30སོང་རིང་། དེང་རབས་ཅན་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་འཕེལ་རྒྱས་ཕྱིན་ནས། ཀྲུང་གོ་དང་སིང་ཀ་ཕོར་གྱི་སྤུས་ཚད་མཐོ་བའི་མཉམ་ལས་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་དང་གསེར་བྱང་དུ་གྱུར་པ་དང་ཆབས་ཅིག འཛམ་གླིང་ལ་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་བྱེད་པའི་རྣམ་འགྱུར་ཡང་མངོན་པར་བྱས་ཡོད། ཀྲུང་གོར་གྲུབ་འབྲས་ཐོབ་པའི་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་འགྲོ་ལམ་རྙེད་ཡོད་པས། སིང་ཀ་ཕོར་ཕྱོགས་ཀྱིས་ཀྲུང་གོའི་འབྱུང་འགྱུར་ལ་ཡིད་ཆེས་གང་ལེགས་བྱེད་ཀྱི་ཡོད། ཀྲུང་གོས་དར་རྒྱས་གོང་འཕེལ་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བའི་ཡིད་ཆེས་ཡོད། སིང་ཀ་ཕོར་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་ལས་ཟབ་ཏུ་གཏོང་བར་མུ་མཐུད་གཞོལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ནང་ཧུར་ཐག་ཞུགས་རྒྱུ་ཡིན།