ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་དང་གྲོས་མོལ་གནང་བ།
སྤེལ་དུས 2024-12-05
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།
རྩོམ་པ་པོ།
ཟླ་12ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་དང་གྲོས་མོལ་གནང་བ།
ཟླ་12ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་དང་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁམ་ཕུ་ཁྲེ་དབར་གྱི་གྲོགས་པོ་བློས་ཐུབ་ཀྱི་མཛའ་གྲོགས་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་རྦད་དེ་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ཁམ་ཕུ་ཁྲེ་འདི་ཉིད་མཐའ་འཁོར་ཕྱི་འབྲེལ་གྱི་གཙོ་གནད་ཁ་ཕྱོགས་སུ་བརྩིས་ཏེ། ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་པོ་དང་། ཆུ་ཚད་མཐོ་པོ། ཚད་གཞི་མཐོ་པོ་བཅས་ཀྱི་དུས་རབས་གསར་པའི་ཀྲུང་ཁམ་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད། ཕྱོགས་གཉིས་པོས་གཅིག་ནས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ནས་མཛའ་གྲོགས་བློས་ཐུབ་ཟབ་ཏུ་གཏོང་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། གཉིས་ནས་ཕན་ཚུན་སྤེལ་རེས་དང་ཕན་ཚུན་དཔྱད་འཛིན་གཏིང་ཟབ་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་གཏོང་དགོས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཁམ་ཕུ་ཁྲེ་མི་དམངས་ཏང་དང་འཐབ་ཇུས་འབྲེལ་གཏུག་དང་ལས་བྱེད་པ་གསོ་སྦྱོང་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཁམ་ཕུ་ཁྲེས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་རོགས་འདེགས་བྱེད་འདོད་ཡོད། གསུམ་ནས་མཉམ་ལས་ཀྱི་གོ་སྐབས་དམ་པོར་བཟུང་ནས་གཉིས་ཁེའི་རྣམ་པ་གསར་པ་གཏོད་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་ལས་དབང་གཅིག་མཐུན་ཚོགས་པའི་བྱ་སྤྱོད་འཆར་གཞི་གསར་པ་ལག་བསྟར་བྱ་རྒྱུ་གཙོ་རྐང་དུ་བྱས་ཏེ། “ཕ་ལམ་ཕྱོགས་དྲུག”གི་མཉམ་ལས་སྒྲོམ་གཞི་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། “བཟོ་ལས་འཕེལ་རྒྱས་བར་ཁྱམས”དང“ཉ་འབྲས་བར་ཁྱམས”ཀྱི་མཉམ་ལས་འཆར་གཞི་འགོད་པ། གཙོ་གནད་མཉམ་ལས་རྣམ་གྲངས་དོན་འཁྱོལ་གྱིས་ཕན་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་ཁམ་ཕུ་ཁྲེའི“ཟུར་ལྔའི་འཐབ་ཇུས”གཉིས་སྤུས་ཚད་མཐོ་པོས་སྦྲེལ་མཐུད་བྱེད་རྒྱུར་རམ་འདེགས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་དེང་སྐབས་རྒྱལ་སྤྱིའི་དུས་བབ་ཟང་ཟིང་དང་འགྱུར་ལྡོག་ཆེ་བ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་རྒྱུན་ཆད་མེད་པར་ཐོན་ནས་རྒྱལ་ཁབ་ཁག་གིས་ཁ་གཏད་གཅོག་རྒྱུ་དང་གདམ་ག་བྱེད་རྒྱུར་ཚོད་བགམ་འཕྲད་བཞིན་ཡོད། ཀྲུང་ཁམ་རྒྱལ་ཁབ་གཉིས་པོས་འཛམ་གླིང་གི་ཞི་བདེའི་སྟོབས་ཤུགས་དང་། འཕེལ་རྒྱས་ཀྱི་སྟོབས་ཤུགས། ཡར་ཐོན་གྱི་སྟོབས་ཤུགས་བཅས་བྱེད་པར་གཞོལ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཁམ་ཕུ་ཁྲེས་ནུས་པ་དེ་བས་ཆེ་བ་བཏོན་ནས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་སྟོབས་ཤུགས་སྟོབས་ཆེར་གཏོང་བར་མུ་མཐུད་རྒྱབ་སྐྱོར་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་འཐབ་ཇུས་རང་བདག་མཐའ་འཁྱོངས་དང་ལྟེ་བའི་གནས་བབ་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་འཇམ་འཐབ་ཀྱི་བསམ་གཞིག་ས་ཁུལ་དེ་གར་སྤེལ་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་བཅས་བྱས་ཏེ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཞི་གཅིག་ཅན་དང་ཐུན་མོང་ཚོགས་པ་འཛུགས་སྐྱོང་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་འགྲོ་ལམ་མི་སྒྱུར་བ་དང་ཕུགས་འདུན་མི་སྒྱུར་བའི་ཆོད་སེམས་བརྟན་དུ་བཏང་སྟེ། མཐའ་ཚད་ཀྱི་བསམ་གཞིག་ཟབ་ཏུ་གཏོང་བ་དང་མཉམ་ལས་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ཉེན་ཁ་སྣ་ཚོགས་ལ་ཐུན་མོང་ཐོག་ཁ་གཏད་གཅོག་འདོད་ཡོད་ཅེས་བསྟན་གནང་བ་རེད།
ཧུང་སེན་གྱིས་ཁམ་ཀྲུང་མཛའ་གྲོགས་ནི་ཕྱོགས་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཚོས་ཐུན་མོང་ཐོག་གཏན་འཁེལ་གནང་བ་ཞིག་ཡིན་པ་དང་། ལོ་རྒྱུས་དང་དུས་ཚོད་ཀྱི་ཚོད་བགམ་ཐེག་པ། ཁམ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་དེ་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཁམ་ཕུ་ཁྲེའི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཐད་ལ་རྒྱབ་སྐྱོར་རྩ་ཆེན་དང་རོགས་རམ་གནང་བར་ཁམ་ཕུ་ཁྲེ་ཕྱོགས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ནི་ཁམ་ཕུ་ཁྲེའི་ཡིད་རྟོན་རུང་བའི་གྲོགས་པོ་ཞིག་ཡིན། ཀྲུང་གོ་དང་མཛའ་གྲོགས་རྒྱུན་འཁྱོངས་བྱེད་པ་ནི་ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་བརྟན་པོ་ཡོང་བ་ཞིག་ཡིན་པས། ཁམ་ཕུ་ཁྲེའི་འགོ་ཁྲིད་རིམ་པ་མི་རབས་བརྒྱུད་སྤྲོད་རྩིས་སྤྲོད་བྱས་པ་ལས་འགྱུར་ལྡོག་གང་ཡང་འགྲོ་མི་སྲིད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་ཀྲུང་གོ་ཕྱོགས་ཀྱིས་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་ཏང་དབར་གྱི་འགྲོ་འོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། གཞོན་ནུ་དང་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།