ཟླ་དང་པོའི་ཚེས1ཉིན། ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་གྱིསC919སྤྱད་དེMU721 “ཧྲང་ཧའེ་ཧུང་ཆའོ-ཞང་ཀང”གི་དུས་གཏན་འགྲུལ་ལམ་འཕུར་ཞིང་། དུས་གཏན་གནམ་གྲུ་ཐོག་མ་ཞང་ཀང་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཡོད།
འདི་ནི་ཤར་ཕྱོགས་མཁའ་འགྲུལ་ཀུང་སིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་བརྙན་འཕྲིན་ལས་ཁུངས་ཀྱི་ཀྲུང་དབྱང་གསར་འགྱུར་དང་མཉམ་འབྲེལ་ཐོག་བཏོན་པའི་དམིགས་བསལ་གྱི་དུས་གཏན་གནམ་གྲུ་ཞིག་ཡིན་ཞིང་། འཕུར་སྐྱོད་ལས་འགན་སྒྲུབ་མཁནC919ཡིས“ཀྲུང་གོའི་དམར་མདངས”ཀྱི་དམིགས་བསལ“ཕྱི་གོས་གསར་པ”གྱོན་ནས་ལོ་གསར་པའི་འཕུར་སྐྱོད་ཐོག་མ་འགོ་ཚུགས།
རྒྱལ་ཐོན་གནམ་གྲུ་ཆེ་གྲས་ཀྱིས་ས་ཁུལ་ཁག་གི་མཁའ་ལམ་ཐོག་དུས་བཀག་ཚོང་ལས་དུས་གཏན་གནམ་གྲུའི་འགྲུལ་ལམ་གསར་པ་སྤེལ་འགོ་ཚུགས་པ།
“དེ་རིང་ནི2025ལོའི་ཉིན་དང་པོ་ཡིན་ཞིང་། ཁྱེད་ཉིད་བཞུགས་སའིC919ནི་རང་རྒྱལ་གྱིས་རང་བདག་ཞིབ་བཟོ་བྱས་པའི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་དང་པོ་དེ་རེད་ལ། དེ་རྒྱལ་ཐོན་གནམ་གྲུ་ཆེ་གྲས་ཀྱི་ཧྲང་ཧའེ་ནས་ཞང་ཀང་བར་གྱི་ས་ཁུལ་གྱི་མཁའ་ལམ་སྟེང་ཐོག་མར་འཕུར་བཞིན་ཡོད”
2025ལོའི་གནམ་ལོ་གསར་ཚེས་ཉིན། སྤྱི་ཁྱབ་ལས་ཁུངས་ཀྱི་གཙོ་སྐྱོང་པ་ཁང་ཧུའེ་ཡི་གསུང་སྐད་ཤར་ཕྱོགས་མཁའ་འགྲུལ་གྱི་འགྲུལ་ཚང་ནང་གྲགས་པ་དང་བསྟུན་ནས། ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་གྱིསC919ཐོག་མར་སྤྱད་དེ “ཧྲང་ཧའེ་ཧུང་ཆའོ-ཞང་ཀང”གི་དུས་གཏན་གནམ་གྲུ MU721འཕུར་སྐྱོད་ལས་འགན་སྒྲུབ་འགོ་ཚུགས་པས། རྒྱལ་ཐོན་གནམ་གྲུ་ཆེ་གྲས་ཀྱིས་ས་ཁུལ་གྱི་མཁའ་ལམ་ཐོག་དུས་བཀག་ཚོང་ལས་དུས་གཏན་གནམ་གྲུ་འཕུར་སྐྱོད་བྱེད་པའི་འགྲུལ་ལམ་གསར་པ་ཡང་དེ་ནས་སྤྱོད་འགོ་ཚུགས།
ལོ་གསར་པ་ནས་བཟུང་། ཤར་ཕྱོགས་མཁའ་འགྲུལ་གྱིC919“ཧྲང་ཧའེ་ཧུང་ཆའོ-ཞང་ཀང”གི་དུས་བཀག་ཚོང་ལས་དུས་གཏན་གནམ་གྲུ་ཉིན་ལྟར་འཕུར་འོང་ཐེངས1བྱ་རྒྱུ་དང་དུས་གཏན་གནམ་གྲུ་ཨང་གྲངས་ནིMU721/MU722ཡིན། ཞང་ཀང་ནི་ཤར་ཕྱོགས་མཁའ་འགྲུལ་གྱིC919དུས་བཀག་ཚོང་ལས་དུས་གཏན་གནམ་གྲུ་འཕུར་སྐྱོད་བྱེད་སའི་གྲོང་ཁྱེར9པ་དེར་གྱུར་ཡོད་ལ། ནང་ལོགས་ཕུད་པའི་གྲོང་ཁྱེར་ཐོག་མ་དེའང་ཡིན།
ཤར་ཕྱོགས་མཁའ་འགྲུལ་གྱིC919ཡི་གནམ་གྲུའི་རུ་ཁག་ལ་གནམ་གྲུ10ཡོད།
2024ལོའི་ཟླ6པའི་ཚེས1ཉིན། ཤར་ཕྱོགས་མཁའ་འགྲུལ་ཀུང་སིས་རྒྱལ་ཐོན་གནམ་གྲུ་ཆེན་གྲསC919སྤྱད་དེ“ཧྲང་ཧའེ་ཧུང་ཆའོ-ཞང་ཀང-ཧྲང་ཧའེ་ཧུང་ཆའོ"ཕར་འཕུར་ཚུར་འོང་གི་ཚོང་ལས་གཙང་གླས་གནམ་གྲུའི་དུས་གཏན་གནམ་གྲུའི་འཕུར་སྐྱོད་ལས་འགན་བསྒྲུབས་ནས། ཞང་ཀང་གི་སློབ་གྲྭ་ཆེན་མོ་བ120ལྷག་ཙམ་ཧྲང་ཧའེ་རུ་སྐྱེལ་ཡོད་པས། དུས་དེ་ནས་བཟུང་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའིC919རྒྱལ་ཐོན་གནམ་གྲུ་ཆེ་གྲས་ས་ཁུལ་གྱི་ལམ་ཐིག་ཐོག་འཕུར་སྐྱོད་བྱེད་འགོ་ཚུགས་ཡོད།
ཤར་ཕྱོགས་མཁའ་འགྲུལ་ཀུང་སི་ནི་མིག་སྔརC919གནམ་གྲུའི་རུ་ཁག་གི་གཞི་ཁྱོན་ཆེ་ཤོས་དང་མཁའ་འགྲུལ་ཤར་གཏོང་ཐུབ་པའི་ས་ཚིགས་མང་ཤོས་ཀྱི་མཁའ་འགྲུལ་ཀུང་སི་ཞིག་ཡིན་ཞིང་། 2023ལོའི་ཟླ5པའི་ཚེས28ཉིན་ཚོང་ལས་སྐྱེལ་འདྲེན་ཐོག་མར་བྱས་ཚུན། རིམ་རྩིས་བྱས་ན་དུས་གཏན་གནམ་གྲུ་ཐེངས6600ལྷག་ཙམ་འཕུར་སྐྱོད་བྱས་པ་དང་། འཕུར་སྐྱོད་བྱས་པའི་ཆུ་ཚོད་ཁྲི1.6ལྷག་ཙམ་ཟིན་ཡོད་ལ། རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི90ལྷག་ཙམ་སྐྱེལ་འདྲེན་བྱས་ཡོད།
ཤར་ཕྱོགས་མཁའ་འགྲུལ་གྱིC919གནམ་གྲུའི་རུ་ཁག་ལ་གནམ་གྲུ10ཡོད་ལ། ཧྲང་ཧའེ་དང་། པེ་ཅིང་། ཁྲེང་ཏུའུ། ཞི་ཨན། ཀོང་ཀྲོའུ། ཐའེ་ཡོན། ཁྲུང་ཆིན། ཝུའུ་ཧན་སོགས་གྲོང་ཁྱེར་དུ་མཁའ་འགྲུལ་ཤར་གཏོང་བྱས་ཡོད། ད་ཐེངས“ཧྲང་ཧའེ་ཧུང་ཆའོ-ཞང་ཀང”ཤར་གཏོང་ཐུབ་རྗེས། ཤར་ཕྱོགས་མཁའ་འགྲུལ་ཀུང་སིའིC919ཡིས་མཁའ་ལམ་སྤུས་ལེགས9རུ་འཕུར་ནས་མཁའ་འགྲུལ་ས་ཚིགས9ཤར་གཏོང་བྱ་རྒྱུ་རེད།