ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཚེ་སྲོག་གསར་པ། རེ་བ་གསར་པ།

སྤེལ་དུས 2025-01-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

       ཟླ་དང་པོའི་ཚེས8ཉིན་གྱི་ཞོགས་པའི་ཆུ་ཚོད7དང་སྐར་མ40ཐོག  གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་བུ་བཙའ་ཁང་དུ་དིང་རི་རྫོང་གི“1·07”ས་ཡོམ་རྗེས་ཀྱི་ཚེ་སྲོག་གསར་པ།

       གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་བུ་བཙའ་ཚན་ཁག་གི་སྨན་པ་ཝང་ཡུས་ཁྲུན་གྱིས“ཕྲུ་གུ་དམར་འབྱར་འདི་སྐྱེས་མ་ཐག་གློ་བ་ཅུང་ཙམ་རླན་གྱིས་ཟིན་འདུག འོན་ཀྱང་མྱུར་སྐྱོབ་བྱས་པ་བརྒྱུད་མིག་སྔར་ལུས་ཀྱི་དམིགས་ཚད་ཁག་རྒྱུན་ལྡན་བྱུང་མོད། ད་དུང་མུ་མཐུད་དུ་ལྟ་ཞིབ་བྱེད་དགོས”ཞེས་བཤད།

            ཕྲུ་གུ་དམར་འབྱར་གྱི་ཨ་མ་སྒྲོལ་མ(མིང་ཚབ)ནི་ཏག་ཏག་དིང་རིའི་ས་ཡོམ་བྱུང་ས་སྟེ། གྲམ་སོ་ཞང་རྩྭ་གྲོང་ཚོ་ནས་ཡིན།

       ས་ཡོམ་བྱུང་བའི་ཉིན་དེར། སྒྲོལ་མའི་ལུས་པོ་མ་བདེ་བས། ཞོགས་པའི་ཆུ་ཚོད8ཙམ་ལ་ཁྱིམ་མིས་རླངས་འཁོར་བཏང་ནས་དིང་རི་རྫོང་མི་དམངས་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་སོང་།

       ཁོང་ཚོ་སྨན་ཁང་དུ་ཆས་པའི་ལམ་བར་ནས་ས་ཡོམ་བྱུང་ཞིང་། སྐབས་དེར་གཡོ་འགུལ་དྲག་པོ་བྱུང་བས་རླངས་འཁོར་ཡང་གཏོང་མཚམས་མི་འཇོག་ག་མེད་བྱུང་། 

       སྒྲོལ་མའི་གཅེན་པོས་གསར་འགོད་པར།  “ས་ཡོམ་བྱུང་བས་ནང་མི་ཚང་མ་འཕྲལ་དུ་ཁྱིམ་དུ་ལོག ཁང་པ་དག་རྡིབ་ཡོད་པ་མཐོང་ཚེ་སེམས་ལ་བཤད་མི་ཤེས་པའི་སྐྱོ་སྣང་གིས་ཁེངས། ཡིན་ནའང་ཁྱིམ་མི་ལ་སྐྱོན་མེད་པས་ང་ཚོ་ལས་ཅན་རེད་བསམ་བྱུང”ཞེས་བཤད། ཉིན་དེའི་དགོང་མོར། སྒྲོལ་མར་གཟེར་རྒྱབ་པས་ཡང་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སོང་།  

       གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་བུ་བཙའ་ཚན་ཁག་གི་ཀྲུའུ་རེན་བུ་ཁྲིད་ཀྱིས་གསར་འགོད་པར། བྲེལ་བྲེལ་འཚུབ་འཚུབ་ངང་མོའི་ལུས་པོར་བརྟག་དཔྱད་བྱས་རྗེས། སྦྲུམ་མ་དེ་ནི་སྦྲུམ་ནད་ཚབས་ཆེ་བའི་དུས་འགོ་ཡིན་ཏེ། གལ་ཏེ་མུ་མཐུད་དུ་མངལ་སྦྲུམ་ན་ཕྲུ་གུའི་བདེ་འཇགས་ལ་ཉེན་ཁ་འབྱུང་སྲིད། ཁྱིམ་མིའི་མོས་མཐུན་བྱུང་རྗེས། ཚེས8ཉིན་གྱི་ཞོགས་པ་བུ་སྣོད་གཤགས་ནས་ཕྲུ་གུ་བུ་ཞིག་སྐྱེས།

       བུ་བཙའ་ཚན་ཁག་གི་སྨན་དོན་མི་སྣས་བདག་སྐྱོང་ཞིབ་མོ་བྱས་པར་བརྟེན། སྒྲོལ་མའི་ཁྲག་ཤེད་རིམ་བཞིན་ཇེ་བརྟན་དུ་ཕྱིན་པ་དང་ཚེ་སྲོག་གི་ལུས་རྟགས་ཁག་ཇེ་བཟང་དུ་ཕྱིན། སྒྲོལ་མས་ད་ཆ་ཁོང་གི་བསམ་འདུན་ཆེ་ཤོས་ནི་ཕྲུ་གུ་དང་ཁྱིམ་ཚང་ཚང་མ་བདེ་ཐང་ཡོང་བ་དེ་ཡིན་ལ། ཁྱིམ་གཞིས་སྔ་མོ་བསྐྱར་སྐྲུན་བྱས་ཏེ།  སྔོན་ཆད་ཀྱི་འཚོ་བ་སླར་གསོ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།