པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་གནོད་ཐེབས་ས་ཁུལ་ལ་ཐུགས་སྨོན་སྐྱབས་འཇུག་མཛད་པ།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་ལ་ས་ཡོམ་རིམ་པ6.8ཅན་བྱུང་རྗེས་སུ་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་ལ་ཐུགས་སྨོན་སྐྱབས་འཇུག་ཐེངས་མང་མཛད།
པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་དང་དགེ་འདུན་པའི་ཚོགས་དང་བཅས་པས《དགའ་ལྡན་ལྷ་བརྒྱ་མ།》《བཟང་སྤྱོད་སྨོན་ལམ།》《སྤྱོད་འཇུག་སྨོན་ལམ།》《བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ།》《སངས་རྒྱས་བསྟན་འབར་མ།》སོགས་གསུངས་ནས་ས་ཡོམ་ཁྲོད་ཚེ་ལས་འདས་པ་དག་ལ་བསྔོ་སྨོན་དང་། ས་ཡོམ་བྱུང་སའི་སེམས་ཅན་ཐམས་ཅད་སྔ་ཙམ་ནས་གནོད་འཚེ་ལས་ཐར་ཞིང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་དུ་བསྐྲུན་པ་དང་། རྒྱལ་བདེ་དམངས་བདེ་འབྱུང་ཞིང་། ཆར་ཆུ་དུས་སུ་འབབ་པའི་སྨོན་ལམ་མཛད།
རྩོམ་སྒྲིག་པ། རིག་གྲོལ།