ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

“གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས”

སྤེལ་དུས 2025-01-15 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
—— བོད་ལྗོངས་དིང་རིའི་ས་ཡོམ་རིམ་པ་6.8ཀྱི་ཡོམ་འགོག་གེགས་སེལ་ལས་དོན་སྐོར་གྱི་མཐོང་ཐོས།
འདི་ནི་གྲོགས་པོ་ཆུང་ཆུང་ཚོས་ས་སྐྱ་རྫོང་རྨ་བྱ་ཤང་ཕུ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་ཐག་མཆོང་རྒྱག་བཞིན་པ།
འདི་ནི་དིང་རི་རྫོང་དགུ་རུམ་གྲོང་ཚོའི་ཏང་ཀྲི་པུའུ་བཀོད་སྒྲིག་བྱ་ཡུལ་གྱི་སྟབས་བདེའི་ཁང་པར་སྤོས་པ་དང་སྦྲགས། ལས་དོན་མི་སྣས་སྐུད་མེད་དྲ་བ་ཁྱབ་ཟིན་པའི་མཚོན་རྟགས་སྦྱར་བཞིན་པ།
  ཉིན་ཤས་བསྟུད་མར། ཆུ་དང་། གློག འབུད་ཤིང་། ཟས་རིགས་སོགས་དངོས་ཟོག་གཞིས་རྩེ་གྲོང་ཁྱེར་གྱི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་དབོར་ཟིན་པ་དང་། སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་སྟབས་བདེའི་ཁང་པ་ཡང་སྒྲིག་བཞིན་ཡོད།
  གནོད་འཚེ་ཕོག་པའི་མང་ཚོགས་མགྱོགས་ནས་མྱུར་དུ་སྡོད་ཐུབ་པ་བྱ་ཆེད། ཁག་ཐེངས་དང་པོའི་སྟབས་བདེའི་ཁང་པའི་སྤྱིའི་གྲུབ་ཆ་ལྟེབ་རྩེག་རྣམ་པ་སྤྱད་ཡོད་པ་དང་། སྟབས་བདེའི་ཁང་པར་རྐུ་ཟོན་སྒོ་དང་སྒེའུ་ཁུང་ཡོད་པ་དང་། སྒེའུ་ཁུང་ཁ་སྤྲོད་ཡིན་པས་རླུང་འགྲོ་ཡག་ལ་དཀར་ཆ་དོད་པ་དང་། དྲོད་སྲུང་ནུས་པ་ཆེ་བ་བཅས་ཡོད། དངོས་ཟོག་མང་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་འགན་ལེན་བྱ་ཆེད། མིག་སྔར་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་གྱི་བཟའ་བཅའ་དང་ལྕགས་ཐབ་སོགས་དངོས་ཟོག་ཚང་མ་སྤྲད་ཟིན་ཡོད་པ་རེད།
  ཟླ་1ཚེས་10ཉིན། དགུ་རུམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་ཕུན་ཚོགས་ཀྱིས་གུར་ནང་ཡུལ་མིའི་མལ་ཆས་དྲོད་མིན་ལ་ལྟ་བར་འགྲོ་དགོས་ཞེས་བཤད།
  དིང་རི་རྫོང་དགུ་རུམ་གྲོང་ཚོ་ནི་བོད་ལྗོངས་དིང་རིའི་ས་ཡོམ་རིམ་པ་6.8ཀྱི་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་གྲོང་ཚོའི་གྲས་ཤིག་རེད། ཚེས་10ཉིན་གྲོང་ཚོའི་དུད་ཚང་20ཡི་གནོད་འཚེ་ཕོག་པའི་མང་ཚོགས་107གྱིས་ཉལ་གདན་དང་མལ་ཆས་འཁྱེར་ནས་སྟབས་བདེའི་ཁང་པར་སྤོས་པས། ད་ཐེངས་ཀྱི་ས་ཡོམ་སྐབས་སྟབས་བདེའི་ཁང་པར་སྤོས་པའི་གནོད་འཚེ་ཕོག་པའི་མང་ཚོགས་ཁག་དང་པོར་གྱུར་ཡོད།
  དགོང་མོ་སྟབས་བདེའི་ཁང་པའི་ནང་གློག་འོད་གསལ་ཞིང་། ཚེ་རིང་ཕུན་ཚོགས་ཀྱི་སེམས་པའང་ཅུང་ལྷོད་དུ་སོང་། “སྟབས་བདེའི་ཁང་པ་རེར་སྨི་ངོས་གྲུ་18ཡོད་པ་དང་མི་བཞི་ནས་ལྔ་བར་ཤོང་གི་ཡོད། ང་ཚོས་ལྟེབ་ཁྲི་དང་། ཅོག་ཙེ། ཐབ་བཅས་སྒྲིག་སྦྱོར་བྱས་ཡོད་ལ། གློག་ཡང་ཁྲིད་ཡོད་པས། ཡུལ་མི་རྣམས་སྔར་བས་འགན་སྲུང་ཡོད་པའི་སྒོ་ནས་གྲང་ངར་ཆེ་བའི་དགུན་ཁ་སྐྱེལ་ཐུབ་པའི་བརྩོན་ལེན་བྱེད་བཞིན་ཡོད”
  “གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་པ་ནི་ཏང་ཀྲུང་དབྱང་གིས་བོད་ལྗོངས་དིང་རིའི་ཡོམ་འགོག་གེགས་སེལ་ལས་དོན་ལ་བཏོན་པའི་བླང་བྱ་ཁ་གསལ་ཞིག་རེད། ས་ཡོམ་བརྒྱབ་ཚུན་ཕྱོགས་ཁག་གིས་ལྷག་བསམ་རྣམ་དག་དང་བརྩེ་སེམས་ཟབ་མོས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱས་ཏེ། ཐབས་མང་མཉམ་སྤྱོད་དང་ནུས་ཤུགས་ཡོད་རྒུས་མང་ཚོགས་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱས་ཡོད།
  གུར་ནས་སྟབས་བདེའི་ཁང་པའི་བར་གནོད་འཚེ་ཕོག་པའི་མང་ཚོགས་དེ་བས་མང་བ་བལྟོས་བཅས་ཀྱིས་དྲོ་སོབ་སོབ་ཀྱི་སྡོད་གནས་སུ་སྤོ་བཞིན་ཡོད།
  ཚེས་10ཉིན་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་དུ་སྟབས་བདེའི་ཁང་པ་400བརྒྱབ་པ་དང་། ཚེས་11ཉིན་ས་སྐྱ་རྫོང་མང་ཕུ་ཤང་དུ་སྟབས་བདེའི་ཁང་པ་དང་པོ་རྒྱག་འགོ་ཚུགས། དེ་ལྟར་ཉིན་ཤས་བསྟུད་མར་ཡོམ་ཁུལ་དུ་སྟབས་བདེའི་ཁང་པ་རྒྱུན་ཆད་མེད་པར་རྒྱག་འགོ་ཚུགས་ཡོད།
  གསར་འགོད་པས་མཐོང་བ་ལྟར་ན། སྟབས་བདེའི་ཁང་པ་དེ་དག་ནི་སྒྲོམ་གཞི་ཧྲིལ་པོའི་ཇུས་འགོད་བྱས་པ་དང་། མཐུད་ས་ཚང་མ་ཚགས་དམ་པོ་ཡོད་པས་དྲོད་སྲུང་གི་ནུས་པ་ཆེ་བར་བརྟེན་རིམ་པ་དང་པོའི་མེ་འགོག་དང་། ཡོམ་འགོག རླུང་འགོག ཆར་འགོག་བཅས་ཡག་པོ་ཡོད།
  “ཁྱིམ་ཚང་རེར་སྟབས་བདེའི་ཁང་པ་ཁང་མིག་གཉིས་བགོས་པ་དང་དེའི་ཐོག་སྔོན་ཆད་ཀྱི་གུར་བསྣན་ན་ཁྱིམ་ཚང་རེར་སྡོད་གནས་གསུམ་ཡོད་པས་གུར་དུ་དངོས་ཟོག་འཇོག་པ་དང་སྟབས་བདེའི་ཁང་པའི་ནང་མི་སྡོད་པ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། ང་ཚོས་ད་དུང་གྲོང་མི་རྣམས་ལ་དེ་བས་ཆེ་བ་དང་དེ་བས་དྲོད་ཆེ་བའི་ལྕགས་ཐབ་སྤྲད་པ་མ་ཟད། ད་དུང་ལྕི་བ་དང་རིལ་མ་ཡང་སྤྲད་ཡོད་པས་དགུན་ཁ་དྲོ་སོབ་སོབ་ངང་སྐྱེལ་བར་གཞི་རྩའི་ཆ་ནས་གནད་འགག་མེད”ཅེས་གཏིང་སྐྱེས་རྫོང་ཀོ་ལྕག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་མིག་དམར་ཚེ་རིང་གིས་བཤད།
  དྲོ་སོབ་སོབ་ངང་སྡོད་དགོས་ལ། ལྟོ་ཆས་ཀྱང་ཡག་པོ་ཟ་དགོས། གསར་འགོད་པས་གནོད་འཚེ་ཕོག་ཁུལ་མང་པོ་ཞིག་ནས་སྲིད་གཞུང་གིས་སྤྲད་པའི་དངོས་ཟོག་དེ་ཐོག་མའི་སྟབས་བདེའི་ཐུག་པ་དང་མེན་པའོ་སོགས་འཕྲལ་སྡོམ་ཟས་རིགས་ནས་འབྲས་དང་། གྲོ་ཞིབ། ཚགས་ཤ་དང་ལུག་ཤ། སྔོ་ཚལ་སོགས་རྒྱུན་ལྡན་གྱི་ཟས་རིགས་སུ་གྱུར་པ་མཐོང་བྱུང་།
  གཏིང་སྐྱེས་རྫོང་ཨུད་ཀྱི་ཧྲུའུ་ཅི་ཐའོ་མིང་ཅུན་གྱིས“བཀོད་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་དགོས་མཁོར་འགྱུར་ལྡོག་གསར་པ་བྱུང་ཡོད། ས་གནས་དེ་གའི་མང་ཚོགས་ཀྱི་བཟའ་བཏུང་གོམས་གཤིས་ལ་བསམ་གཞིག་བྱས་ནས་ང་ཚོས་ཚྭ་དང་། ཇ། སྣུམ། ཚགས་ཤ་དང་ལུག་ཤ་བཅས་བསྐྱལ་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་དེ་བས་ལེཌ་པར་བྱས་ཡོད”ཅེས་བཤད།
  གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱ་ཆེད། སྟོབས་ཤུགས་དེ་བས་མང་བ་བསྡུ་རུབ་བྱེད་བཞིན་ཡོད་པ་སྟེ། རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུས་གནོད་འཚེ་ཕོག་ཁུལ་དུ་སྲིང་བལ་གྱི་གུར་དང་མལ་ཆས་དང་ལྟེབ་ཁྲི་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི་4.2མགྱོགས་མྱུར་གཏོང་སྤྲོད་བྱས་པ་དང་། འབྲེལ་ཡོད་ས་གནས་ཀྱི་ཚོང་དོན་གཙོ་གཉེར་སྡེ་ཚན་གྱིས་གློག་གི་གདན་དང་། ཐབ། སྲིང་བལ་གྱི་མལ་ཆས་དང་སྟོད་གོས། ཀམ་པ་ལི་སོགས་དངོས་ཟོག་ཁྲི་7.3གཏོང་འདྲེན་བྱས་པ། གཅེས་སེམས་ཁེ་ལས་དང་ཐེབས་རྩ་ལྷན་ཚོགས་སོགས་ཀྱིས་གནོད་འཚེ་ཕོག་ཁུལ་དུ་གྲང་འགོག་དྲོད་སྲུང་དངོས་ཟོག་དང་རྒན་རྒོན་དང་བྱིས་པའི་མཁོ་ཆས་སོགས་གེགས་སེལ་དངོས་ཟོག་ཁྲི་35རོགས་སྐྱོར་བྱས་ཡོད།