ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

འགྲུལ་བཞུད་གོ་རིམ་ལྡན། ཁྱིམ་དུ་ལོག་འགོ་ཚུགས།

སྤེལ་དུས 2025-01-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
ཟླ་1ཚེས་14ཉིན། ལྷ་ས་མེ་འཁོར་བབས་ཚུགས་སུ་མེ་འཁོར་ལ་འཛུལ་བཞིན་ཡོད་པའི་འགྲུལ་པ་ཡིན་པ།
ཟླ་1ཚེས་14ཉིན། ལྷ་ས་མེ་འཁོར་བབས་ཚུགས་སུ་འགྲུལ་པའི་མེ་འཁོར་སྤ་སེ་བཤེར་བཞིན་པ།
ཟླ་1ཚེས་14ཉིན། བོད་ལྗོངས་མཁའ་འགྲུལ་ལས་དོན་པས་གོ་རིམ་ལྡན་པའི་ངང་ནས་དུས་གཏན་གནམ་གྲུའི་འགུལ་རྣམ་ལ་ལྟ་སྐུལ་ཚོད་འཛིན་བྱེད་བཞིན་པ།
        2025ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་དུས་ཡུན་ཉིན་40ཡིན་ཞིང་། ཟླ་1ཚེས་14ཉིན་ནས་འགོ་ཚུགས་ཏེ་ཟླ་2ཚེས་22ཉིན་མཇུག་འགྲིལ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་མཚོ་བོད་ཚོགས་པ་ཀུང་སིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་200སྐྱེལ་འདྲེན་བྱེད་རྒྱུ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་5སྐྱེལ་འདྲེན་བྱེད་རྒྱུ་ཡིན་པ་དེ་2024ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་དུས་མཚུངས་ལས་2.5%འཕར་རྒྱུ་དང་། དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོར་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་5.44སྐྱེལ་རྒྱུ་དང་། བོད་ལྗོངས་མཁའ་འགྲུལ་གྱིས་སྔོན་དཔག་བྱས་ན་དུས་གཏན་གནམ་གྲུ་ཐེངས་གྲངས་7376བཏང་ནས་འགྲུལ་པ་མི་ཐེངས་ཁྲི་82.3སྐྱེལ་འདྲེན་བྱེད་རྒྱུ་རེད།
       2025ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་ས་མཐོའི་ལྕགས་ལམ་གྱི་འགྲུལ་པ་གཙོ་བོ་ནི་ཕ་ཡུལ་དུ་ལོག་པའི་ལས་མི་དང་། གཉེན་ཉེ་ཐུག་འཕྲད་བྱེད་མཁན། སློབ་མ་བཅས་ཡིན་པ་དང་དུས་ཆེན་གོང་གི་ཐད་སྐྱོད་འགྲུལ་པ་གཙོ་བོ་ནི་ཟི་ལིང་ནས་པེ་ཅིང་དང་། ཧྲང་ཧའེ། ཀྲེང་ཀྲོའུ། ཤིས་ཨན། ཁྲེང་ཏུའུ་བཅས་སུ་ལོག་པའི་ལས་མི་ཡིན་པ་རེད། འདི་ལོའི་ལོ་གསར་གནམ་གང་གི་མེ་འཁོར་སྤ་སེ་ཟླ་1ཚེས་14ཉིན་ནས་འཚོང་འགོ་ཚུགས་པ་དང་དབྱེ་ཞིབ་ལས་མངོན་པར་གཞིགས་ན། ལྷ་ས་ནས་ཐོན་མང་བའི་གྲོང་ཁྱེར་གཙོ་བོ་ནི་ཁྲེང་ཏུའུ་དང་། ཁྲུང་ཆིང་། ཤིས་ཨན། ལན་ཀྲོའུ། གོར་མོ་སོགས་ཡིན་པ་རེད།
       2025ལོའི་དཔྱིད་གསར་སྐྱེལ་འདྲེན་ནི་ཕྱོགས་ཡོངས་ནས་གྲངས་འཛིན་ཅན་གྱི་འགྲུལ་སྐྱེལ་གློག་རྡུལ་འཛིན་ཤོག་ཞབས་ཞུ་ཁྱབ་གདལ་གཏོང་བའི་ལོ་ཐོག་མ་དེ་ཡིན་པ་དང་འགྲུལ་པས་གློག་རྡུལ་འགྲུལ་སྐྱེལ་སྤ་སེ་ཉོ་སྒྲུབ་དང་། སྤ་སེ་ཕྱིར་སྤྲོད། སྤ་སེ་སྒྱུར་བ་བཅས་ཀྱི་ལས་སྒོ་གཉེར་རྗེས་ལྕགས་ལམ་དྲ་ཚིགས་12306དང་སྒུལ་བདེའི་དུད་སྣེ་བརྒྱུད་གློག་རྡུལ་འཛིན་ཤོག་ལེན་ཆོག ལྕགས་ལམ་12306གི་ལག་ཐོགས་ཁ་པར་གྱི་དུད་སྣེས་སློབ་མ་དང་ལས་མིའི་དཔྱིད་གསར་སྐྱེལ་འདྲེན་གྱི་སྤ་སེ་མངག་ཉོའི་ཞབས་ཞུའི་ཆེད་ཁུལ་སོ་སོར་བཟོས་ནས། ཆ་རྐྱེན་དང་མཐུན་པའི་འགྲུལ་པས་ཆེད་ཁུལ་བརྒྱུད་དཔྱིད་གསར་སྐྱེལ་འདྲེན་རིང་གི་ཕར་འགྲོ་ཚུར་འོང་གི་སྤ་སེ་མངག་ཉོ་བྱེད་ཆོག དེ་དང་ཆབས་ཅིག་སློབ་མའི་སྤ་སེ་ཉོ་བའི་ཆ་རྐྱེན་ལེགས་སུ་བཏང་ནས་སློབ་མའི་སྤ་སེ་སྤ་སེ་ཉོ་བའི་ཆ་རྐྱེན་ཁྱིམ་ཚང་གནས་ཡུལ་ནས་སློབ་གྲྭ་གནས་སའི་གྲོང་ཁྱེར་ཁོ་ནར་མ་བལྟོས་པར་ཆ་རྐྱེན་དང་མཐུན་པའི་སློབ་མས་སློབ་མའི་སྤ་སེ་ཉོ་སྐབས་རྒྱལ་ནང་གི་གྲོང་ཁྱེར་གང་རུང་གི་མེ་འཁོར་བབས་ཚུགས་ནས་སློབ་གྲྭ་གནས་སའི་གྲོང་ཁྱེར་བར་གྱི་སྤ་སེ་ཉོ་ཆོག
       གསར་འགོད་པས་བོད་ལྗོངས་མཁའ་འགྲུལ་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། དཔྱིད་གསར་སྐྱེལ་འདྲེན་རིང་བོད་ལྗོངས་མཁའ་འགྲུལ་གྱིས་སྔོན་དཔག་བྱས་ན་དུས་གཏན་གནམ་གྲུ་ཐེངས་གྲངས་7376བཏང་ནས་འགྲུལ་པ་མི་ཐེངས་ཁྲི་82.3སྐྱེལ་འདྲེན་བྱེད་རྒྱུ་དང་། ཟི་ལིང་ནས་གཞིས་རྩེ་བར་དང་། ལྷ་ས་ནས་ནན་ཁྲུང་བར། ཁྲེང་ཏུའུ་ནས་ཕན་ཀྲི་ཧྭ་བར་སོགས་ཀྱི་མཁའ་ལམ་8གསར་དུ་བཏོད་དེ་ལྷ་ས་ནས་ཁྲེང་ཏུའུ་བར་དང་། གཞིས་རྩེ་ནས་ཁྲེང་ཏུའུ་བར། ལྷ་ས་ནས་ཁྲང་ཧྲ་བར། ལྷ་ས་ནས་ཝུའུ་ཧན་བར་སོགས་ལྗོངས་ནང་ཁུལ་གྱི་དུས་གཏན་གནམ་གྲུའི་ཐེངས་གྲངས་མང་དུ་བཏང་བ་དང་། ལམ་ཐིག་སྦྲེལ་མཐུད་ཀྱི་དུས་གཏན་གནམ་གྲུའི་ཞབས་ཞུ་དུས་གཏན་གནམ་གྲུ་ཐེངས་གྲངས་197ལ་ཁྱབ་ཡོད།
       དཔྱིད་གསར་སྐྱེལ་འདྲེན་མ་བྱས་གོང་བོད་ལྗོངས་མཁའ་འགྲུལ་ཀུང་སིས་སྣ་མང་ཅན་གྱི་འགྲོ་སྐྱོད་ཐོན་རྫས་བཏོན་པ་དང་། “ས་ཁོངས་ཧྲིལ་པོར་ཕན་བདེ་ལོངས་སུ་སྤྱོད་པའི”སྤ་སེའི་རིན་གོང་བརྒྱ་ཆ་ལྔ་བཅུ་གཅོག་རྒྱུའི་གཟིགས་སྐྱོང་སྲིད་ཇུས་དང་གཞུང་ཕྱོགས་ཀྱི་ཐབས་ལམ་ནས་སྤ་སེ་ཉོས་ན་དུས་གཏན་གནམ་གྲུ་ཁག་གཅིག་གི་རིན་མེད་ཁེ་དབང་བརྗེ་རེས་ཀྱི་བྱེད་སྒོ་རྒྱུན་ལྡན་ཅན་གྱི་སྒོ་ནས་ཁྱབ་གདལ་བཏང་ཡོད། ཟླ་1ཚེས་13ཉིན་ནས་ཟླ་2ཚེས་28ཉིན་བར། བོད་ལྗོངས་མཁའ་འགྲུལ་གྱི་APPཡིས་དངུལ་སྤྲོད་འབོ་སྤྱད་ནས་གནམ་གྲུའི་སྤ་སེ་ཉོས་ན་སྐབས་བསྟུན་འཕྲལ་གཅོག་གཟིགས་སྐྱོང་ལོངས་སུ་སྤྱོད་པའི་བྱེད་སྒོ་སྤེལ་བ་དང་། བོད་ལྗོངས་མཁའ་འགྲུལ་གྱི་གཞུང་ཕྱོགས་དྲ་ཚིགས་དང་། སྐད་འཕྲིན་བྱ་རིམ་ཆུང་གྲས། APPབཅས་ནས་སྤ་སེ་ཉོས་པའི་འགྲུལ་པ་ཡིན་ན“གནམ་གྲུའི་སྤ་སེར་ལག་རྟགས་ཡོད་པའི”བྱེད་སྒོར་ཞུགས་ཆོག་པ་དང་མཛེས་ལྗོངས་ཁུལ་གྱི་སྤ་སེ་ཕབ་གཅོག་དང་གསོལ་མགྲོན་ཁང་གི་གཟིགས་སྐྱོང་སོགས་གཟིགས་སྐྱོང་ཞབས་ཞུ་མང་པོ་ལོངས་སུ་སྤྱོད་ཆོག དཔྱིད་གསར་སྐྱེལ་འདྲེན་རིང་བོད་ལྗོངས་མཁའ་འགྲུལ་གྱི་ས་གནས་ཁག་གི་འགྲོ་ལུགས་གཉེར་སའི་སྟེགས་བུར་དམག་མི་དང་། མེ་ཟོན་མི་སྣ། གནམ་གྲུར་ཐེངས་དང་པོ་སྡོད་མཁན་སོགས་ལ་ཆེད་སྐྱོད་འགྲོ་ལམ་བཀོད་སྒྲིག་བྱས་ཡོད། མིག་སྔར་བོད་ལྗོངས་མཁའ་འགྲུལ་ཀུང་སིས་སི་ཁྲོན་མཁའ་འགྲུལ་ཀུང་སི་དང་། ཧྲན་ཏུང་མཁའ་འགྲུལ་ཀུང་སི། ཁྲེང་ཏུའུ་མཁའ་འགྲུལ་ཀུང་སི། ཞ་མོན་མཁའ་འགྲུལ་ཀུང་སི་སོགས་ཀུང་སི་8དང་མཉམ་ལས་ཐུབ་ནས་ལྗོངས་ནང་ཁུལ་མཁའ་ལམ་གྱི་ལམ་ཐིག་སྦྲེལ་མཐུད་ཀྱི་གནམ་གྲུའི་ལན་གྲངས་ཁྱོན་ཡོངས་ལ་ཁྱབ་པ་མ་ཟད། ཤིས་ཨན་དང་། ཟི་ལིང་། ཁྲང་ཧྲ་སོགས་གྲོང་ཁྱེར་བར་བརྒྱུད་ས་ཚིགས་སུ་བྱས་ཏེ་དུས་གཏན་གནམ་གྲུ་197ལ་སྟབས་བདེའི་བར་བརྒྱུད་ས་ཚིགས་ཀྱི་ཞབས་འདེགས་ཞུ་གི་ཡོད།