ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས7ཉིན་བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་རིམ་པ6.8བརྒྱབ། བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གིས་འཕྲལ་དུ་ཛ་དྲག་སྨན་བཅོས་རོགས་སྐྱོར་གྱི་སྔོན་ཇུས་ལག་བསྟར་བྱེད་འགོ་ཚུགས་ནས། རུས་ནད་ཚན་ཁག་དང་། ནད་སྐྱོང་། སྨན་རྫས་རིག་པ། ཚད་བརྒལ་སྒྲ་རླབས་སོགས་ནད་ཐོག་སྨན་བཅོས་ཚན་ཁག་གི་སྨན་དོན་མི་སྣ36མངགས་ནས་ཆེད་ལས་སྨན་བཅོས་ཚོགས་པ་བཙུགས་ཏེ་གནོད་ཐེབས་ས་ཁུལ་དུ་བསྐྱོད་པ་དང་འབྲེལ། དིང་རི་རྫོང་གི་ས་ཡོམ་གེགས་ཁུལ་དུ་གཅེས་སེམས་ཞལ་འདེབས་ཕུལ་བའི་བྱེད་སྒོ་སྤེལ་ནས། རིམ་རྩིས་བརྒྱབ་ན་སྒོར་ཁྲི555ལྷག་ཙམ་རི་བའི་དངུལ་དང་དངོས་ཟོག་ཞལ་འདེབས་ཕུལ་ཡོད།
ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་ཡོད་པའི་ཧྥུའུ་ཁང་སྨན་ཁང་གི་གནས་སྐབས་ཏང་ཀྲི་པུའུ།
ཟླ་དང་པོའི་ཚེས13ཉིན། གསར་འགོད་པ་དིང་རི་རྫོང་ཆུ་ལྷོ་ཞང་རིང་བསྐོར་གྲོང་ཚོའི་གནོད་འཚེ་ཐེབས་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་གྱི་སྟབས་བདེའི་ཁང་པར་འབྱོར་ནས། དེ་གར་བཙུགས་པའི་ཧྥུའུ་ཁང་སྨན་ཁང་གི་གནས་སྐབས་སྨན་བཅོས་ས་ཚིགས་སུ་ཀྲུའུ་རེན་སྨན་རམས་པ་གཞོན་པ་ཆོན་ཞུང་ཅེས་གྲོང་ཚོའི་བུ་ཆུང་ཆུང་ཞིག་ལ་སྨན་བཅོས་བྱེད་བཞིན་པ་མཐོང་བྱུང་། “བཅའ་སྡོད”སྨན་པ་ཞིག་ཡིན་པའི་ཁོང་གིས་འདི་གར་ཞབས་འདེགས་ཞུས་ནས་ཉིན་གཉིས་སོང་ཞིང་།“གློ་རྒྱག་གི་འདུག་གམ། སྣ་ཆུ་བཞུར་གྱི་འདུག་གམ། མིད་པ་ན་གི་འདུག་གམ”ཞེས་པ་སོགས་ཁྲའོ་ཞན་རིགས་ཡིན་པའི་ཆོན་ཞུང་ཅེ་ཡིས་ངང་རྒྱུད་རིང་པོས་བོད་སྐད་ཐོག་ནས་བྱིས་པ་ཚོ་དང་སྤེལ་རེས་བྱེད་བཞིན་པའི་རྣམ་པ་དེ་དངོས་གནས་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་འདུག
དིང་རི་རྫོང་ཆུ་ལྷོ་ཞང་རིང་བསྐོར་གྲོང་ཚོའི་ཧྥུའུ་ཁང་སྨན་ཁང་གི་གནས་སྐབས་སྨན་བཅོས་ས་ཚིགས་སུ་བཅའ་སྡོད་སྨན་པ་ཆོན་ཞུང་ཅེ་ཡིས་བྱིས་པ་ཞིག་ལ་སྨན་བཅོས་བྱེད་བཞིན་པ།
ཆོན་ཞུང་ཅེས་གསར་འགོད་པར། ང་བོད་ལྗོངས་སུ་ལས་ཀ་བྱས་ནས་ལོ18ཕྱིན་ཡོད་ལ། ཧྥུའུ་ཁང་སྨན་ཁང་དུ་བྱིས་པའི་སྨན་པ་བྱས་ནས་ལོ18ཕྱིན་སོང་། ངས་རྒྱུན་གཏན་དུ་བོད་སྐད་སྟབས་བདེ་ཐོག་ནས་ནད་པའི་གནས་ཚུལ་འདྲི་གི་ཡོད་ཅེས་བཤད་པ་དང་། ཁོང་གིས“ང་རང་འདི་གར་འབྱོར་རྗེས་ཀྱི་ཉིན་གཉིས་ནས་བལྟས་ཚེ། མིག་སྔར་བཀོད་སྒྲིག་ཁང་པའི་ནང་གི་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་གཟུགས་པོར་སྐྱོན་ཆེན་པོ་མི་འདུག ང་ཚོ་སླེབས་མ་ཐག་ནས་ད་ལྟའི་བར་སྨན་པ་བསྟེན་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དེ་ཐོག་ནས་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་སེམས་ཁམས་ཀྱང་རིམ་བཞིན་ལེགས་སུ་འགྲོ་བཞིན་ཡོད་པ་མཚོན། ང་ཚོའི་ནུས་ཤུགས་ཆུང་ངུར་བརྟེན་ནས་གེགས་ཁུལ་གྱི་མང་ཚོགས་ལ་རོགས་རམ་གང་ཐུབ་བྱ་རྒྱུའི་རེ་བ་ཡོད་ལ། ཁོང་ཚོ་བདེ་ཐང་དང་བདེ་འཇགས་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན”ཞེས་བཤད།
ཆོན་ཞུང་ཅེར་བཅར་འདྲི་བྱེད་རིང་། གསར་འགོད་པས་ཧྥུའུ་ཁང་སྨན་ཁང་གི་ཡོམ་འགོག་གེགས་སེལ་གྱི་གནས་སྐབས་ཏང་ཀྲི་པུའུ་དང་ཁོང་ཚོའི་མི་སེམས་འགུལ་བའི་བྱས་རྗེས་མང་པོ་ཤེས་རྟོགས་བྱུང་།
ཧྥུའུ་ཁང་སྨན་ཁང་གི་སྨན་པས་སྨན་བཅོས་སྒྲིག་ཆས་ཁྱེར་ནས་གནོད་འཚེ་ཐེབས་པའི་མང་ཚོགས་ལ་བརྟག་དཔྱད་བྱེད་བཞིན་པ།
ས་ཡོམ་བརྒྱབ་པའི་ཉིན་གསུམ་པར། བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གིས་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་གནས་སྐབས་ཏང་ཀྲི་པུའུ་བཙུགས་ཤིང་། དེ་ནི་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་བཙུགས་པའི་དམངས་ཁྲོད་སྨན་བཅོས་རོགས་སྐྱོབ་རུ་ཁག་གི་གནས་སྐབས་ཏང་ཀྲི་པུའུ་ཐོག་མ་དེ་ཡིན་པ་དང་། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་སྒོ་བསྟེན་པུའི་ཀྲུའུ་རེན་བསོད་སྒྲོན་གྱིས་གནས་སྐབས་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་ལ། ཏང་ཡོན་སྨན་བཅོས་ལས་དོན་པ16གིས་ཐོག་མཐའ་བར་གསུམ་དུ་ཏང་ཞུགས་དམ་བཅའ་བློ་ལ་བརྟན་པོར་ངེས་ཏེ་འཐབ་ས་དང་པོར་བརྟན་སྲུང་གིས་བཅའ་སྡོད་དང་སྐོར་སྐྱོད་སྨན་བཅོས་བྱས་ཏེ་གེགས་ཁུལ་གྱི་མང་ཚོགས་ལ་ཕྱོགས་ཡོངས་ཀྱི་སྨན་བཅོས་ཞབས་འདེགས་ཞུས་ཡོད།
ཧྥུའུ་ཁང་སྨན་ཁང་གི་སྨན་དོན་མི་སྣས་སྐོར་སྐྱོད་སྨན་བཅོས་བྱེད་བཞིན་པ།
ལོ10ལ་སླེབས་པའི་ཟླ་བ་བུ་ཁྲིད་དང་ལོ2ལ་སླེབས་པའི་གཅུང་མོ་སྒྲོན་མ་ཚེ་རིང་གཉིས་ཀྱི་ཨ་མ་ད་ཐེངས་ཀྱི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བས། ཁོང་ཚོའི་ཨ་ཞང་གིས་དེ་གཉིས་རིང་བསྐོར་གྲོང་ཚོའི་རང་ཁྱིམ་ལ་བསུས་ཡོད། རིང་བསྐོར་གྲོང་ཚོར་ཡོད་པའི་ཧྥུའུ་ཁང་སྨན་ཁང་གི་བཅའ་སྡོད་སྨན་པ་ཞིག་ཡིན་པའི་ཆོན་ཞུང་ཅེས་བརྟག་དཔྱད་བྱེད་རིང་གནས་ཚུལ་དེ་ཤེས་རྗེས་འཐབ་ས་དང་པོར་ཡོད་པའི་ཧྥུའུ་ཁང་སྨན་ཁང་ཏང་ཨུད་ཧྲུའུ་ཅི་དང་། ཏུང་ཧྲི་ཀྲང་ཝང་པིན་ལ་སྙན་སེང་ཞུས། ཁོང་ཚོས་གཅེན་གཅུང་གཉིས་ཀྱི་ཁྱིམ་ཚང་གི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཁོང་ཚོ་རྫོང་དུ་གྱོན་ཆས་དང་། འོ་མ། བྱིས་པའི་གློག་རྡུལ་ཆུ་ཚོད་སོགས་དངོས་ཟོག་ཉོ་བར་ཁྲིད་པ་མ་ཟད། ད་དུང་དངུལ་སྨར་སྒོར་ཁྲི་གསུམ་སྤྲད་པ་དང་འབྲེལ། ཧྥུའུ་ཁང་སྨན་ཁང་གི་མིང་ཐོག་ནས་ཁོང་གཉིས་ལོ18ལ་མ་སླེབས་གོང་ཟླ་རེར་སྒོར་དྲུག་སྟོང་གི་འཚོ་བའི་འགྲོ་གྲོན་སྤྲོད་རྒྱུའི་ཁས་ལེན་ཡང་བྱས།
“གཅེན་གཅུང་གཉིས་འཚོ་བར་སེམས་ཁྲལ་མེད་པ་དང་། སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ། མེས་རྒྱལ་ལ་དྲིན་ལན་འཇལ་ཐུབ་པ་བཅས་ཀྱི་སྨོན་འདུན་ཞུ་རྒྱུ་ཡིན་ལ། ང་ཚོ་ནམ་ཡང་ཁྱེད་ཚོ་དང་མཉམ་དུ་ཡོད”ཅེས་པ་དེ་ནི་ཝང་པིན་གྱིས་གཅེན་གཅུང་གཉིས་བཀོད་སྒྲིག་བྱས་རྗེས་གྲོགས་ཚོམས་སུ་བྲིས་པའི་ཡི་གེ་རེད།
ཉིན་གཉིས་རིང་སེམས་གསོ་དང་མཛུབ་ཁྲིད་བྱས་པ་བརྒྱུད། ལོ10ལ་སླེབས་པའི་ཨ་ཅག་ཟླ་བ་བུ་ཁྲིད་ཀྱི་གདོང་ལས་གཞི་ནས་འཛུམ་མདངས་མངོན།
ཡོམ་འགོག་གེགས་སེལ་ཡུལ་དངོས་སུ་ཡོད་པའི་ཝང་པིན།
གཞན་ཡང་གྲོང་ཚོ་གཅིག་པའི་ལོ19ལ་སླེབས་པའི་བུ་མོ་ཚེ་རིང་བུ་ཁྲིད་ལའང་ཧྥུའུ་ཁང་སྨན་ཁང་གི་གནས་སྐབས་ཏང་ཀྲི་པུའི་རོགས་རམ་ཐོབ་ཡོད། ཚེ་རིང་བུ་ཁྲིད་མཆིན་པ་གཅོད་འབྱིན་གཤགས་བཅོས་བྱས་མ་ཐག་ཡིན་པས་སྨན་རྫས་ཤིག་འཕྲལ་མཁོ་ཆེན་པོ་ཡོད་མོད། འོན་ཀྱང་སྨན་རྫས་དེ་རིགས་གཞིས་རྩེར་མཁོ་སྤྲོད་འདང་ངེས་མེད་ལ་ལྷ་ས་ཁོ་ནར་མ་གཏོགས་མེད། ཧྥུའུ་ཁང་སྨན་ཁང་གི་གནས་སྐབས་ཏང་ཀྲི་པུའི་སྨན་པ་ཚོས་འཕྲལ་དུ་ལྷ་སའི་ཧྥུའུ་ཁང་སྨན་ཚོང་ཁང་དང་འབྲེལ་གཏུག་བྱས་ནས། མཚན་གཅིག་ནང་སྨན་རྫས་ཚེ་རིང་བུ་ཁྲིད་ཀྱི་ཁྱིམ་དུ་བསྐྱལ་ཏེ་ཁོང་ཚོའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་བསྐངས་ཡོད་ལ། བུ་མོའི་སེམས་ཁམས་ཀྱང་ལེགས་སུ་ཕྱིན་ཡོད། མིག་སྔར་ཚེ་རིང་བུ་ཁྲིད་ཀྱི་ནད་གཞི་བརྟན་པོ་ཡོད།
“སྨན་རྫས་དགོས་ན་ང་ལ་ཁ་པར་བཏང་ཤོག ང་ཚོས་སྐྱེལ་ཆོག”ཅེས་སྨན་རྫས་བདེ་འཇགས་ངང་ཚེ་རིང་བུ་ཁྲིད་ཀྱི་ཁྱིམ་དུ་བསྐྱལ་རྗེས་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གི་གནས་སྐབས་ཏང་ཀྲི་པུའི་ཏང་ཡོན་ཚོ་མུ་མཐུད་དུ་དཀའ་ངལ་ཡོད་པའི་གནོད་འཚེ་ཐེབས་པའི་མང་ཚོགས་རྗེས་མའི་ཁྱིམ་དུ་སོང་།
ཧྥུའུ་ཁང་སྨན་ཁང་གི་སྨན་དོན་མི་སྣས་གནོད་འཚེ་ཐེབས་པའི་མང་ཚོགས་ལ་སྨན་སྤྲོད་བཞིན་པ།